R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༤༣
[A:༡༤༣]ཅན་ཐམས་ཅད་ལ་འཁོར་གསུམ་ཡོངས་དག་གི་སྨོན་ལམ་བཏབ། ཡུལ་ཚོ་ཁ་ཤས་ལ་ཧོར་ཚོང་པ་འདུག་པ་ནས་སེམས་ཅན་དུ་མ་ཞིག་སྲོག་བསྐྱབས་པ་དང༌། ངན་སློང་རྣམས་ལའང་སྦྱིན་གཏོང་ཅི་ནུས་བྱས། རིགས་བརྒྱའི་ཁྱབ་བདག་ཁུ་དབོན་གྱི་སྐུ་ཞབས་སུ་འབྱོར་སྐབས་དད་གུས་ཀྱི་བ་སྤུ་གཡོ་བཞིན་པས་ཕྱག་བཙལ་ཞིང༌། བྱིན་རླབས་ཞུས་པས་མགོ་ཐོག་ཏུ་དབུ་དང་ཕྱག་གཉིས་སྦྲགས་མའི་བྱིན་རླབས་ཡུན་རིང་པོར་གནང་ཞིང་དགེས་དགེས་མཛད། རྗེ་དབོན་གོང་མའི་ཞབས་དྲུང་དུ་སྟན་མཐོ་བཅས། ངེད་དཔོན་སློབ་རྣམས་ལ་གཞི་ལེན་ཟབ་རྒྱས་གནང་ཞིང་དྲི་བ་བཀའ་དྲིན་བསྐྱངས་པར་སྐྱབས་གནས་ཁུ་དབོན་གྱི་ཐུགས་རྗེས་ལེགས་པོ་བྱུང་ཚུལ་གྱི་རྒྱུ་མཚན་དང༌། དངོས་པོ་རྣམས་ཐོ་དང་བཅས་ཕུལ་བར། དབོན་ཆུང་གི་ཐོག་མར་འགྲོ་དོན་ལ་བྱོན་པར་འབུལ་བ་ཤིན་ཏུ་རྒྱ་ཆེ་བ་འདི་རྟེན་འབྲེལ་ལེགས་ཤིང༌། སླད་ནས་ཕྲིན་ལས་རྒྱས་པ་འོང་འདུག་གི་བསླབ་དོན་སྩལ། དེ་འཕྲལ་ཚ་བ་དབུ་མཛད་ཆོས་རྒྱལ་མཚན་དང༌། སྐུ་ཚབ་གསོལ་དཔོན་བསོད་ནམས་གྲགས་པ་གཉིས་ལ་དད་རྫས་རྣམས་གཙུག་ལག་ཁང་གི་ཞིག་གསོས་ལས་ཆུད་མི་ཟ་བར་དགོས་པའི་བསླབ་དོན་བཅས་རྩིས་སྤྲོད་དང་ཞིག་གསོས་ཀྱི་ལྗགས་བཀོད་གནང་སོང༌། དགུན་སྨད་དུས་མཆོད་སོགས་ལ་སྔར་རྒྱུན་བཞིན་ཞབས་ཕྱི་ཞུས།། ༈ ལྕགས་ཡོས་ལོར་རང་སྟོན་དང༌། སྒྲ་མི་སྙན་པའི་ཚེ་སྒྲུབ་གཉིས་བདུན་ཕྲག་རེ་བསླབ་སྟོན་ལྟར་བྱས། གཞན་མ་གོང་མ་རིན་པོ་ཆེ་སྐུ་ལྟེམ་པའི་ཞབས་ཕྱིར་བསྡད། སེ་ར་ནས་འོད་ཟེར་བླ་མས་འཕགས་པ་རིན་པོ་ཆེའི་ཐུགས་དམ་རྟེན་གུར་མགོན་འཁོར་བཅས་ཀྱི་