[A:༡༤༤]སྐུ་རྡོ་ནག་ལས་གྲུབ་པས་གཙོས་རྟེན་དང་མཆོད་ཆ། གསེར། དངུལ། རྟ། དྲེའུ། མཛོ། ཁལ་སོགས་འབུལ་བ་ཤིན་ཏུ་ཆེ་བར་ཕུལ། ངེད་ད་ལན་དུས་ཀྱི་འཁོར་ལོའི་བཀའ་དབང་དང༌། གཞན་འདོད་ཆོས་ཁ་ཅིག་ཞུ་འདོད་ལ་བརྩེ་འཛིན་བཀའ་དྲིན་ཆེ་དགོས་ཚུལ་ཞུས་སོང་བར། ཞུ་བ་པོའི་ངོར་དང༌། ངེད་རང་ལ་དགོངས་ནས་ཞལ་བཞེས་གནང༌། རྗེ་དབོན་རིན་པོ་ཆེས་ཀྱེ་རྡོ་རྗེའི་རྒྱུ་ལམ་སོགས་ཆག་མེད་རྣམས་དང༌། ངེད་རང་ལ་སྒྲུབ་ཐབས་རྒྱ་མཚོ་དགོས་གསུང་བ་ཐུགས་འདོད་ལྟར་ཞུས། དེ་ནས་གོང་མ་ཆོས་ཀྱི་སྤྱན་ལྡན་དཔལ་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཏེ་རྒྱུ་སྐར་བདག་པོ་ལྷ་དྲུག་བརྒྱ་སོ་དྲུག་གི་དཀྱིལ་འཁོར་དུ་བདག་པོ་ཆེན་པོའི་དབང་དང་བཅས་པ་རྫོགས་པར་གནང༌། མཁའ་འགྲོ་རྒྱ་མཚོ། དྲིལ་བུ་ལུས་དཀྱིལ་གྱི་དབང་དང༌། ཐུན་མོང་མ་ཡིན་པའི་རྗེས་གནང་གི་རིགས་ཁ་ཡར་སྩལ། དེ་སྐབས་རྗེ་དབོན་རིན་པོ་ཆེས་གོང་མ་སྐུ་རྟེན་པ་བཅས་བརྟག་པ་ཞིག་མཛོད། འོད་ཟེར་བླ་མར་གསུངས་སོང་བར་བཀའ་བཞིན་ཞུ། མར་མེ་ལེགས་པ་ཞིག་དང༌། འབྲུ་གཙང་མ་ཞིག་དགོས་ཞུས་སོང་བ་བཞིན་གནང༌། ཕྱིར་ཉིན་འུར་བའི་ཚུལ་དང་བཅས་གོང་མ་རིན་པོ་ཆེ་སྐྱེ་འཆི་ལ་རང་དབང་ཐོབ་པས་བཞུགས་མི་བཞུགས་ཁོང་རང་གིས་མཁྱེན། འོན་ཀྱང་ངེད་རང་དཔོན་སློབ་རྣམས་ཀྱིས་བརྟན་བཞུགས་རྒྱས་པ་ཞིག་འབུལ་དགོས་འདུག །རྗེ་དབོན་རིན་པོ་ཆེ་ལ་སྐུ་དོག་ཤིན་ཏུ་ཆེ་བར་འདུག་པས་སྐུ་རིམ་དུ་བཀའ་འགྱུར། འབུམ་བརྒྱ། ཤིར་སྙིང་འབུམ་གཏེར། ཕྱོགས་བཞིའི་གཏོར་མ་སོགས་སྐུ་རིམ་མང་བ་གནང་དགོས་འདུག་ཞུས་སོང་ཞིང༌། ངེད་རང་ལ་གཟིགས་ནས་དབུ་ལ་རྡོ་