R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༤༥
[A:༡༤༥]བརྒྱབས་ཀྱང་མི་འཆི། ཁྱེད་ཁུ་དབོན་གྱི་མཇུག་ཟིན་པ་འོང་གསུངས། བརྟག་པ་རྣམས་ཞུས་སོང༌། ལུགས་གཉིས་ཀྱི་སྒོ་ནས་ཚིམ་པར་མཛད་དེ་རང་གནས་སུ་བྱོན། འདི་ལོ་ས་གསུམ་སྐྱེ་རྒུའི་གཙུག་རྒྱན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་རྒྱ་ནག་ཕོ་བྲང་ནས་སྤྱན་འདྲེན་པ་བྱོན་པ་དང་ལྷན་དུ་འུ་དུ་སུ་ནས་ངེད་རང་གི་འབུལ་དབོན་ད་རྒན་ཆོས་རྗེས་འབུལ་སྐྱེལ་བ་རྫོང་བདའ་བྱས་པ་དང༌། བི་ལིག་ཏུ་ནང་སོ་གསེར་མགོན་སྐུ་གཉེར་བླ་མ་ཀུན་དགའ་རིན་ཆེན་གྱི་གྲྭ་པ་རྣམས་ཀྱིས་བསྐུར་མ་ཆེ་ཙམ་འབྱོར། གསེར་དངུལ་གོས་དར་སོགས་ཀྱི་འབུལ་བ་གྱ་ནོམ་པ་འབྱོར། གོང་མའི་མཇལ་ཁ་ཁྱུག་ཙམ་བཏང་ཞིང༌། དེར་རང་སྐུ་མཆེད་ཀྱིས་དབང་རྗེས་གནང་སོགས་འདོད་ཆོས་དང་ཚོགས་བསྔོ་ཀྱང་བྱས། རྩེ་གདོང་ནས་ཁྲི་ཆེན་གོང་མ་ཆེན་པོ་ཕོ་བྲང་དུ་ཕེབ་རྫོང་འབུལ་བར་ཕེབ། དེ་ཞོར་ནཱ་ལེནྡྲར་ཆིབས་ཁ་བསྒྱུར་བར་ངེད་རང་སྐུ་མཆེད་ནས་ཆིབས་བསུ། སེར་སྦྲེང༌། གཞི་ལེན་ཟབ་རྒྱས་ཞུས། ཁྲི་ཆེན་བཅོ་བརྒྱད་དུ་གོང་མ་ཆོས་ཀྱི་སྤྱན་ལྡན་གྱི་དྲུང་དུ་ཕེབ། གཟིམས་ཆུང་གི་སྒོར་ཕེབ་བསུ་མཛད། རྩེ་གདོང་ནས་ན་བཟའ་ཆ་ཚང་གིས་གཙོས་དགུ་ཚན་གསུམ་སྩལ་ཞིང༌། ངེད་སྐུ་མཆེད་ལའང་སྐུ་སྐྱེས་དང༌། ངེད་རང་གི་ལས་ཚན་སོ་སོར་ཀྱང་གནང་སྦྱིན་བཀའ་དྲིན་བསྐྱངས། སྔ་དྲོའི་རིང་གཟིམས་ཆུང་དུ་གསུང་གླེང་རྒྱས་པ་གནང་ཞིང༌། གོང་སྤྱིའི་འཕྲལ་ཕུགས་ཀྱི་སྙན་འབུལ་ཀྱང་ཞིབ་ཏུ་གནང་སོང༌། ཉིན་བསྟར་ཇ་ཞུས་ལ་ངོས་འགྲོ་སོགས་སྐབས་སྦྱར་བྱས། འདུས་པ་རྒྱ་མཚོའི་ཚོགས་དབུར་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོའི་བཞུགས་ཁྲིར་