[A:༡༤༦]འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་སྤྱན་དྲངས་ཏེ། གསེར་དང༌། དངུལ་གྱི་མཎྜལ། གོས་དར། ཇ། རྟ་སོགས་ཀྱི་འབུལ་བ་རྒྱ་ཆེན་པོ་ཕུལ། བསྟན་འགྲོའི་ཕན་བདེ་སྤེལ་ཕྱིར་བསྔོ་སྨོན་གྱི་རྒྱས་འདེབས་སྨིན་རྒྱས་བཀའ་དྲིན་ཆེ་བར་སྩལ། ཚོགས་ཆེན་དུ་ཚེ་དབང་དང༌། འཇམ་དབྱངས་དམར་སེར་སོགས་ཀྱི་ཆོས་འབྲེལ་སྩལ་ཞིང་གཙང་དུ་ཆིབས་ཁ་བསྒྱུར། ངེད་རང་གིས་རྒྱལ་ནང་བར་ཆིབས་སྐྱེལ་ལ་ཕྱིན། དགེས་པ་ཆེན་པོས་ཕྱག་མདུད་བྱིན་རྟེན་དང་གནང་སྦྱིན་སྩལ། རྗེ་དབོན་རིན་པོ་ཆེའི་ཞབས་ཕྱི། བླ་ཁག །ལས་ཚན་རྣམས་ཀྱིས་ཞུས་ནས་ཕོ་བྲང་ཆེན་པོར་ཕེབ་རྫོང་འབུལ་བར་ཕེབ། ངེད་རང་གིས་གོང་མའི་སྐུ་ཞབས་སུ་བསྡད། ཚ་བ་བླ་མ་དཔལ་ལྡན་འོད་ཟེར་གྱིས་གཙོས་འགྲུལ་པ་མང་ཙམ་དང༌། ཉག་བྲེ་ནས་ཨ་ཧྲང་བླ་མའི་འབུལ་སྐྱེས་བ་འབྱོར་པས་སྣེ་ལེན་གང་དྲག་བྱས། ༈ ཆུ་འབྲུག་ལོར་གོང་མ་རིན་པོ་ཆེས་སྐུ་སྐྱོམ་མེ་བ་ཞིག་བསྙུན་གྱིན་ཡོད་པས་སྐུ་མཚམས་བཅད་རྒྱ་དམ་པར་གནང༌། ཐུགས་དམ་ཉམས་བཞེས་ཀྱི་རིམ་པ་ནི་ཁོར་ཡུག་ཆག་མེད་དུ་ཉམས་སུ་བཞེས་པ་ནི་གོང་མ་ཉིད་ཀྱི་རྣམ་ཐར་དུ་གསལ་བ་ལྟར་ཕལ་གྱི་བློ་ཡུལ་དུ་ཆུད་པར་དཀའ་བ་ཞིག་གོ །རྗེ་དབོན་རིན་པོ་ཆེས་ལྗགས་བཀོད་གནང་སྟེ་སྐུ་རིམ་དུ་ཚེ་གཟུངས་འབུམ་ཐེར། ཚེ་ཆོག་སྟོང་རྩ། བཀའ་འགྱུར། འབུམ་རྩ་ཐོན་ཚར་བཅུ་ཙམ་དང༌། གསེར་འོད། གཟུངས་འདུས། ཀུན་རིག་ཆོ་ག་སྟོང་རྩ་གསུམ། རྣམ་རྒྱལ་སྟོང་མཆོད། ཤེར་སྙིང་འབུམ་ཐེར་སོགས་ཚོགས་ཆེན་གྱི་དབྱར་སྟོན་གཉིས་སྒོར་རེ་བ་ཞིག་སྒྲུབ་པ་དང༌། ཆོས་ལུང་ནས་གྲུབ་པའི་དབང་ཕྱུག་ཆོས་གྲུབ་དཔལ་བཟང་སྤྱན་དྲངས། ཚེ་དབང་