[A:༡༤༧]སོགས་འབུལ་བ་དང༌། ནཱ་ལེནྡྲ་དང༌། དགོན་ལག་སོ་སོས་ཞབས་བརྟན་ཕུལ་ཞིང༌། འཕེན་ཡུལ་གྱི་དགོན་ཆེ་ཕྲ་ཚང་མར་མང་ཇ། བསྔོ་རྟེན་རྒྱ་ཆེ་བ་དང༌། གདུགས་དཀར། ཤེར་སྙིང་སོགས་སྐུ་རིམ་གྱི་སློབ་དཔོན་གནང་ཞིང༌། བཅོ་བརྒྱད་རང་དུ་བསྐང་བ་གསུང་སྒྲོགས་སོགས་སྐུ་རིམ་གྱི་རིགས་ནར་མར་བསྒྲུབས་ཤིང༌། གཙོ་བོར་རྗེ་དབོན་རིན་པོ་ཆེ་ནས་གསོལ་བ་འདེབས་པ་གནང་བར། ཉིད་སྐྱེ་འཆི་ལ་རང་དབང་ཐོབ་པ་བདག་སོགས་གདུལ་བྱ་རྣམས་དང༌། བསྟན་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞབས་པད་ཡུན་རིང་པོར་བརྟན་པ་ཞིག་བཞུགས་དགོས་ཞེས་ཨུ་ཚུགས་ཀྱིས་ཞུ་བ་གནང་སོང་བའི་སྟབས། གཞན་དོན་དུ་དགོངས་བཞེས་ཀྱང་ཇེ་འགྱང་དུ་སོང༌། སྟོན་ཨ་ལི་ཆོས་རྗེ་ཀུན་དགའ་བཟང་པོ་དཔོན་གཡོག་སུམ་བརྒྱ་སྐོར་འབྱོར་བར་བསུ་བ་དང༌། གཞི་ལེན་སོགས་ཀྱི་ལྗགས་བཀོད་དབོན་གོང་མས་གནང་བ་བཞིན་ངེད་རང་ནས་བསྒྲུབས། གཙང་ལ་མ་བྱོན་གོང་ངེད་སྐུ་མཆེད་ཀྱིས་ཚེ་རྟ། ཕྱག་རྡོར་སོགས་ཆོས་འབྲེལ་ཁ་ཤས་བྱས། དེ་སྐབས་གཟིམས་ཆུང་རབ་གསལ་དུ་གུར་དྲག་གི་བསྙེན་པ་ཁ་གསོ་ཞིག་གྱིས་གསུང་བྱུང་བ་ལྟར་བདུན་གསུམ་གྱི་མཇུག་ཚོགས་བརྒྱ་ཞིག་ཀྱང་བསླབ་སྟོན་ལྟར་ཞུས། འདི་སྐབས་གཉིད་གཟིར་རེ་བ་ཞིག་ལ་གཤག་སྐོར་གྱི་སྟེང་དུ་རྟ་རི་བོང་ཙམ་ལ། བནྡེ་ཁྲུ་གང་པ་ཆོས་གོས་དང༌། བསེ་ཐེབ་གྱོན་པ། མིག་ཤིན་ཏུ་ཆེ་བ་ཁྲ་འབུར་རེ་བ་སྡང་མིག་ཏུ་བལྟ་བ། ཕར་རྒྱུག་ཚུར་རྒྱུག་བྱེད་པ་ཞིག་མཐོང་བྱུང་བ། རེ་ཞིག་ནས་བནྡེ་སྨུག་པོ་ཆེ་བ་ཞིག་ཏུ་གྱུར་ཏེ་མཚམས་ཁང་དུ་འོངས་ནས་ངེད་རང་ལ་མཐོ་མཚམས་པར་