[A:༡༤༨]ལྷའི་ང་རྒྱལ་དང་བཅས་སྔགས་བཟླ་བཞིན་པས་ལག་པ་གཡོན་གྱིས་ཡུན་རིང་དུ་བཟུང་ཞིང་གཡས་ཀྱིས་བསྣུན་པས་ཕག་གི་སྐད་ངན་ལྟ་བུ་མང་དུ་འདོན་འདུག་པ། མཇུག་ཏུ་སྙིང་རྗེའི་སེམས་ཀྱིས་བཏང་བར་གར་སོང་ཆ་མེད་དུ་སོང༌། ཕྱི་ཉིན་སྙན་འབུལ་ཞུས་པར་ཁྱོད་ལ་རྒྱ་འདྲེའི་གནོད་པས་མི་ཚུགས་པའི་རྟགས་སུ་འདུག་གསུང༌། མཚམས་གྲུབ་ནས་གོང་མ་སྐུ་རྟེན་དུ་སོང་འདུག་པའི་ཞབས་ཕྱིར་བཅར་སྡོད་བྱས་ཤིང༌། ནངས་གཅིག་སྔ་བར་གོང་མ་གྲུབ་ཐོབ་ལུགས་དང་མཐུན་པའི་ཚེ་དཔག་མེད་ཀྱི་སྐུ་འོད་ཟེར་དང་བཅས་པ་ཞིག་མཐོང་བས་མོས་གུས་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེས་ཤིང༌། ད་ཞབས་པད་ཡུན་རིང་དུ་བརྟན་པ་ཞིག་འོང་འདྲ་བསམ་ཞིང༌། ཐ་མལ་གྱི་གདུལ་བྱའི་སྣང་ངོར་ཞིང་གཞན་དུ་གཤེགས་པའི་ཚུལ་ལས་དོན་གྱི་ཚེ་དཔག་མེད་ཡིན་པར་དངོས་སུ་བསྟན་འདུག །ནུབ་གཅིག་རྨི་ལམ་དུ་ནམ་མཁརཟླ་བའི་དཀྱིལ་འཁོར་གྱི་ནང་དུ་ཐམས་ཅད་མཁྱེན་པ་ས་སྐྱ་པཎྜི་ཏ་ཕྱག་གཉིས་ཆོས་འཆད་ཀྱིས་པོད་རལ་བསྣམས་པ། ཞབས་རོལ་སྟབས། ཆོས་གོས་རྣམ་པ་གསུམ་དང༌། ས་ཞུའི་ལག་གཉིས་སྐུ་པང་དུ་བརྐྱང་བ། སྐུ་མཚར་ཞིང་འཛུམ་པ་དང་བཅས། བདག་ལ་གཟིགས་ཤིང་འོད་ཟེར་གྱི་དྲྭ་བས་ཕྱོགས་ཀུན་ཁྱབ་པ་ཞིག་མཐོང་བས་ཕྱག་དང་མོས་གུས་བྱེད་པ་བྱུང༌། ཕྱི་ཉིན་གོང་མར་ཞུས་པ་ཤིན་ཏུ་ལེགས། འཆད་ཉན་གྱིས་ཕན་ཐོགས་འོང༌། སུ་ལའང་མ་ཟེར་གསུངས། ཡང་སྐུ་རིམ་དུ་ཆོས་སྒྲོགས་དང༌། གཏོར་ཟློག །རྣམ་འཇོམས། སྨེ་བརྩེགས་སོགས་ཀྱི་སྐུ་ཁྲུས་དང༌། ཞབས་བརྟན་གྱི་རིགས་མང་བ་ཞིག་བསྒྲུབས་ཀྱང་ཞལ་བཞེས་ངོས་གཟུང་ཙམ་ལས་ཆེར་མི་