R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༤༩
[A:༡༤༩]གནང་ཞིང༌། ཆོས་སྐྱོང་གུར་ཞལ། རྣམ་སྲས། རབ་བརྟན་མ་རྣམས་ལ་གཏོར་བསྔོ་བརྒྱ་རྩ། བཀའ་སྡོད་ལྟར་སྒྲུབ་པའི་ལྗགས་བསྙེན་དང༌། བསྐང་བ་ཕྲིན་བཅོལ་སོགས་གང་རྒྱས་ཉིན་རེ་བཞིན་གནང་བ་དང༌། ཁྱད་པར་རབ་བརྟན་མས་ཞིང་འདིར་བཞུགས་སུ་གསོལ་བར། དེ་བཞིན་ཐུགས་ལ་མ་བབས་པའི་རྟགས་བརྔན་པའི་ཚུལ་དུ་བསྐང་བ་སྟོང་ཚར་གནང་འདུག་པ་ནི་ཕྱིས་ཀྱི་གྲྭ་པ་དང༌། བླ་བྲང་བརྒྱུད་པར་བཅས་པར་ཕྲིན་ལས་སྒྲུབ་ཤིག་པའི་བཀའ་བསྒོ་ཡིན་འདྲ། ཡང་ཉིན་གཅིག་ངེད་ལ་བསླབ་སྟོན་ལ་སྤྱིར་གྱི་ས་སྐྱ་པའི་བསྟན་པ་དང༌། ནཱ་ལེནྡྲ་ཁྱད་པར་བཅོ་བརྒྱད་ཀྱི་བསྟན་ཆུས་གཞིས་དང་བཅས་པར་འཛིན་སྐྱོང་སོགས་དགོས་པའི་བཀའ་ནན་ཆེ་བ་དང༌། ཡང་བསྟན་པའི་འཛིན་སྐྱོང་དགོས་བརྩེ་གདོང་ཞབས་དྲུང་དབོན་རིན་པོ་ཆེ་དང་ཁྱེད་གཉིས་ལ་རག་ཅེས་བསླབ་སྟོན་གནང་བྱུང་བ་ནི། རྗེ་དབོན་རིན་པོ་ཆེ་བཞུགས་བཞིན་ངེད་ལ་གནང་བ་རྗེ་དབོན་རིན་པོ་ཆེའམ་ཞབས་མི་བརྟན་པར་དགོངས་པའི་བསླབ་སྟོན་དུ་སྣང༌། ཚེ་ཆོག །ཆོས་འདོན་སོགས་སྐུ་རིམ་གྱི་རིགས་མང་བར་བསྒྲུབས། གྲུབ་པའི་དབང་ཕྱུག་ཆོས་གྲུབ་དཔལ་བཟང་སྤྱན་དྲངས་ཏེ་བཀའ་དབང༌། གཏོར་ཟློག་གི་རིགས། དབོན་རིན་པོ་ཆེ་དབུས་ཚང་མས་ཞབས་བརྟན་མང་བར་ཕུལ། ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཀྱི་ཉིན་ངེད་རང་མཐོང་སྨོན་ལ་མཆོད་དབུར་ཕྱིན་པས། ནམ་མཁའ་འཇའ་ཚོན་གྱི་གུར་དང༌། མེ་ཏོག་གི་ཆར་སོགས་ལྟས་ངོ་མཚར་བ་མཐོང་བར་སེམས་མི་དགའ་ཞིང་འཚུབས་པ་ཞིག་བྱུང་བས་མགྱོགས་མྱུར་ལོག་སྟེ་བླ་བྲང་དུ་འོང་པས།