R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༥༠
[A:༡༥༠] ཞབས་ཕྱི་བ་རྣམས་ཀྱིས་དེ་རིང་སྔ་དྲོ་གཞན་དོན་དུ་དགོངས་གྲབས་གནང་ཞིང༌། ཉིད་ཡོད་མེད་ཀྱི་རྩད་གཅོད་གནང་བྱུང་བར་སོང་ཚུལ་ཞུས་པས། རེ་ཞིག་བཞུགས་པར་ཞལ་གྱིས་བཞེས་བྱུང་ཟེར། དེ་འཕྲལ་སྐུ་ཞབས་སུ་ཕྱིན་པས་བྱིན་རླབས་དང༌། ཤིན་ཏུ་དགེས་པའི་ཚུལ་གྱིས་བསླབ་སྟོན་བརྩེ་བས་བསྐྱངས་པ་ནི་བྱང་ཆུབ་བར་དུ་རྗེས་སུ་འཛིན་པའི་རྟགས་སུ་འདུག །དེ་ནས་རྗེ་དབོན་རིན་པོ་ཆེའི་བསླབ་དོན་བཞིན་སྐུ་རིམ་དང༌། ཞབས་བརྟན་ལ་བརྩོན་པར་ཞུས་ཀྱང༌། ཉེར་ལྔའི་ཉིན་ཡ་མཚན་པའི་ལྟས་དུ་མ་དང་བཅས་ཏེ་སྐུ་མདུན་དུ་འཁོད་པ་རྣམས་ཀྱང་ཡིད་མི་བདེ་བ་མེད་པར་མོས་གུས་དུང་ངེ་བར་བྱིན་གྱིས་བརླབས་ཏེ། རྗེ་དབོན་རིན་པོ་ཆེ་དང༌། ངེད་སྐུ་མཆེད་ལྷན་དུ་ཞལ་གདམས་བསྡུས་ཙམ་དང༌། དེ་ནས་ངེད་ལ་སྤྱི་དང་བྱེ་བྲག་གི་བསྟན་པའི་འཛིན་སྐྱོང་སོགས་ཀྱི་སྐོར་ཞིབ་པར་སྩལ་ཞིང༌། ཕྱག་ཐལ་མོ་སྦྱར་ཏེ་ཕ་མཁྱེན་རབ་ཆོས་ཀྱི་རྗེ་ཕེབ་བྱུང་གསུང་བཞིན་པར་འཇའ་དཀར་པོ་གཟིམས་ཁང་ཐོག་ཏུ་ཟུག་ཅིང༌། འཇའ་ཁ་དོག་སྣ་ཚོགས་པའི་རིགས་མང་བ་དང༌། མེ་ཏོག་གི་ཆར་སོགས་ལྟས་ཁྱད་པར་ཅན་དུ་མ་དང་བཅས་ཏེ་དག་ཞིང་དུ་གཤེགས་སོ། །དེ་ནས་བཟུང་དབོན་རིན་པོ་ཆེའི་བསླབ་སྟོན་ལྟར་གོང་མ་དེ་ཉིད་ཀྱི་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་ཐབས་ཀྱི་རིམ་པའི་གྲབས་བྱེད་ཁུལ་བྱས་ཀྱང༌། སྤྱིར་དམ་པ་འདི་ཉིད་ཀྱི་ཐུགས་རྗེ་དང་མཛད་པ་གང་ལ་བསམས་ཀྱང་རྫོགས་པའི་སངས་རྒྱས་དངོས་དང༌། ཉེ་རིང་དགྲ་གཉེན་མཆོག་དམན་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རྒྱུད་ཁོ་ནས་བརླན་ཅིང་བསྟན་པ་དང་འགྲོ་བའི་དཔུང་གཉེན་དམ་པར་གྱུར་པ་དང༌།