R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༥༢
[A:༡༥༢]དབྱེར་མ་མཆིས་པར་ཀྱེ་རྡོར་གྱི་སྒོ་ནས་དཔོན་སློབ་ཁ་ཤས་ཀྱིས་སྲི་ཞུས་ཞུགས་སུ་ཕུལ་བས་ཡིད་བཞིན་གྱི་ནོར་བུ་ལྟ་བུར་རྩོལ་བ་ལ་མ་ལྟོས་པར་གདུང་ཡེ་ཤེས་ཀྱི་མེ་རང་འབར་དུ་གྱུར། ཞག་བདུན་ནས་གདུང་ཁང་ཞལ་ཕྱེ་བ་ན། གདུང་རུས་རྣམས་ཀྱང་ཕལ་ཆེར་ཡལ་ནས་བྲེ་གང་ཙམ་ལུས་པ་སྐུ་དང༌། ཡིག་འབྲུ། རིང་བསྲེལ་གྱི་ཕུང་བོར་གྱུར། རྗེ་དབོན་རིན་པོ་ཆེས་རིགས་བརྒྱའི་ཁྱབ་བདག་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར་གཤིས། མཆོད་འབུལ་གྱི་རྟེན་རྣམས་སྡེ་སྲིད་སྐུ་ཞབས་སུ་འབུལ་བ་དང༌། དེ་ཁའི་གནས་ཚུལ་རྒྱ་ནག་ལ་སྐུ་ཞབས་རིན་པོ་ཆེར་སྙན་འབུལ་ཞུ་གྲོགས་མཁྱེན་ཞུ་བ་དང༌། སྡེ་སྲིད་སྐུ་ཞབས་མཇལ་བ། ཇོ་ཤཱཀ་གིས་གཙོས་གཙུག་ལག་ཁང་རྣམས་དང༌། སེར་འབྲས་སོགས་ལ་མཆོད་འབུལ་དུ་ཕེབ། གཞུང་ས་ཆེན་པོ་ནས་ཀྱང་གནང་སྦྱིན་གཞན་དང་མི་འདྲ་བ་སྩལ་འདུག་ཅིང༌། ཚུར་ཕེབ་འཕྲལ་ས་སྐྱ་ནས་འབྲི་གུང་བར་གྱི་བླ་ཆེན་ཁག་སོ་སོར་མཆོད་འབུལ་གྱི་རྟེན་རྣམས་སྒྲིག་པ་གནང་ནས་འབུལ་མི་རྣམས་རྫོང་བདའ་གནང་བ་སོགས་དགོངས་རྫོགས་ཀྱི་རིམ་པ་ཇི་སྙེད་དུ་སྒྲུབ་པའི་ཞབས་ཕྱི་ཞུས། ༈ ཆུ་སྦྲུལ་ལོར་རྗེ་དབོན་རིན་པོ་ཆེ་གསུང་འཆམ་སྐུ་ཚད་དུ་སོང་བས་ཤིན་ཏུ་སྐུ་ལྟེམ་པ་ནོར་རྒྱས་དྲུང་འཚོ་བ་བོས། འཕྲོད་བསྟེན་ཞུས། སྐུ་རིམ་དུ་བཀའ་འགྱུར། ཟློག་པ། ཤེར་སྙིང་ཁྲི་ཚར། ཆོས་སྲུང་རྣམས་ལ་བསྐང་བ་བརྒྱ་ཚར་རེ། འཕེན་ཡུལ་ཁུལ་གྱི་དགོན་ཆེ་ཕྲར་མང་ཇ། ཞབས་བརྟན་སོགས་ཤིན་ཏུ་གྲུལ་བར་ཞུས་ཀྱང་བསྟན་དང་བདག་སོགས་འགྲོ་བ་ཡོངས་ཀྱི་བསོད་ནམས་ལས་