R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༥༡
[A:༡༥༡] ལྷག་ཏུ་རང་ཉིད་ལུགས་གཉིས་ཀྱི་སྒོ་ནས་སྐུ་དྲིན་གཞལ་དུ་མ་མཆིས་ཤིང་ཐུགས་བརྩེ་བ་ཆེན་པོས་དུས་ནམ་ཡང་མི་འདོར་བ་ཞིག་ཡིན་གཤིས་བཟོད་ཐབས་དང་བྲལ་བའི་སེམས་ངལ་ཤིན་ཏུ་ཆེ་བར་གྱུར་ཏོ། །ཀྱེ་ཧུད་འཇིགས་རུང་འཁོར་པའི་ཆུ་མཚོ་ལས། །སྒྲོལ་བའི་དེད་དཔོན་རིགས་བརྒྱའི་བདག་པོ་དེ། །འོག་མིན་ཞིང་དུ་གཤེགས་ཚེ་བདག་སོགས་འགྲོ། །མི་བཟད་འཁོར་བའི་མཚོ་ལས་སུ་ཡིས་སྒྲོལ། །འོན་ཏེ་མོས་གུས་མཆོག་གིས་ཐུགས་ཡིད་ཟིན། །ཟབ་རྒྱས་གདམས་པ་རྒྱ་མཚོའི་བཀའ་དྲིན་ཐོབ། །རང་སེམས་བླ་མའི་ངོ་བོར་འདུ་འབྲལ་མེད། །ཇི་ལྟར་བྱས་ཀྱང་བདེ་བ་ཁྱོད་ཀྱི་དྲིན། །དེ་ཚེ་ཡིད་འོང་ལག་འགྲོའི་ཚོགས་རྣམས་དང༌། །འཆི་མེད་གཞོན་ནུའི་མཆོད་སྤྲིན་སྣ་ཚོགས་ཀྱིས། །ལྷ་ལམ་དོག་པོར་བྱས་པའི་མེ་ཏོག་ཆར། །དབང་པོའི་གཞུ་རིས་ཚོན་གྱིས་ཅི་ཡང་བྲིས། །གཞལ་མེད་ཡིད་བཞིན་དམ་པའི་གདུང༌། །རིམ་གྱིས་ཟག་མེད་ཕལ་ཆེར་ཡལ། །ལོ་ལྔའི་ཁྱེའུའི་ཚད་གྱུར་པ། །དགྱེས་རྡོར་ངོ་བོར་སྲེག་མཆོད་ཕུལ། །ཨེ་མ་འབྲལ་མེད་རྗེས་འཛིན་བརྡར། །ཟབ་གསལ་ཆོས་ཀྱི་དབྱིངས་ཉིད་ལས། །རྗེ་བཙུན་ཆེན་པོའི་སྐུ་བསྟན་ནས། །མཇལ་ཚེ་དད་གུས་སྤུ་ལོང་གཡོས། །དེ་ནས་དབོན་རིན་པོ་ཆེའི་བསླབ་དོན་ལྟར་ཀྱེ་རྡོར་དང༌། ཀུན་རིག །བླ་མཆོད་སོགས་ཀྱི་སྒྲུབ་མཆོད། ནཱ་ལེནྡྲ་གཙོ་བོར་གྱུར་པའི་འཕེན་ཡུལ་ཁུལ་གྱི་དགོན་པ་ཆེ་ཆུང་ཐམས་ཅད་སྤྱན་དྲངས་ཏེ་མཆོད་འབུལ་གྱི་རིགས་རྒྱ་ཆེ་བར་བསྒྲུབས། སྐུ་གདུང་རིན་པོ་ཆེ་རིམ་གྱིས་ཡལ་ཏེ་ཁྱེའུ་ལོ་ལྔ་ཙམ་དུ་གྱུར་པ་དགྱེས་མཛད་རྡོ་རྗེ་དང་