[A:༡༥༤]བསོད་ནམས་གསོག་པའི་ཕྱིར། ཀྱེ་རྡོར་བ་བཅུ་གཅིག །ཀུན་རིག་པ་བཅོ་ལྔ། བླ་མ་མཆོད་པ་དང་བཅས་ཞག་བཞི་བཅུ་ཞེ་དགུའི་བར། བླ་མ་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པ་ལ་མཆོད་པ་ཕུལ། ཞག་གསུམ་སོང་བའི་ཐོག་ཚོགས་ཆེན་གྱིས་ཀུན་རིག་གི་སྒྲུབ་མཆོད་གནང་བར། བླ་ཁག་སོ་སོར་འབུལ་བ་དང༌། དགེ་འདུན་རྣམས་ལ་བསྙེན་བཀུར་གཟབས་པར་བྱས། སྐུ་ཚིགས་རྣམས་ལ་འཕེན་ཡུལ་གྱི་དགོན་ཆེན་ཁག་རྣམས་རེ་རེ་དང༌། ཆུང་བ་རྣམས་གཉིས་གསུམ་སོགས་གདན་དྲངས་ནས་མཆོད་འབུལ་ཞུས། ངེད་རང་ངོས་ཀྱི་ལྷ་སར་སྡེ་སྲིད་རིན་པོ་ཆེའི་སྐུ་ཞབས་སུ་མཇལ་རྟེན་དཔངས་མཐོ་བ་དང༌། གོང་ས་ཆེན་པོར་མཆོད་འབུལ་རྟེན་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་བསོའི་སྐུ་བརྙན་གྱིས་གཙོས་རོལ་མོ་སོགས་མཆོད་ཆའི་རིགས་དང༌། བླ་བྲེ་བུམ་གདན་མ། གོས་དར། ཁྲབ་གསེར་གཞུང་མ་སོགས་གོ་མཚོན་གྱི་རིགས། རྟ། ཇ་སོགས་འབུམ་དཔངས་མཐོ་བ་ཕུལ་ཞིང༌། རྒྱ་ནག་ཏུ་རིགས་བརྒྱའི་ཁྱབ་བདག་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོར་སྙན་འབུལ་ཞུ་བ་གནང་དགོས་ཚུལ་ཞུ་བ་བཅས་མཆོད་འབུལ་ལ་ཕྱིན་པར་སྐུ་ཞབས་སུ་གདན་བཟོས་དང་གནས་ཚུལ་གྱི་དྲི་བ་བཀའ་དྲིན་བསྐྱངས་པ་གནང༌། ངེད་རང་ལོ་ཆུང་བས་དགོན་ཆོས་གཞིས་གྲྭ་རིགས་སོགས་ལ་འཛིན་སྐྱོང་དཀའ་བ་འདུག་པ་བརྩེ་འཛིན་གནང་དགོས་པའི་སྙན་འབུལ་ཞུས་པར། སྐུ་སྐྱེ་ལྟ་བུ་སྒུག་དགོས་པ་ནི་མིན། ཁྱེད་རང་བླ་མ་བརྒྱུད་པའི་རིམ་བྱོན་གཞན་དང་མི་འདྲ་ཞིང༌། ཁྱད་པར་གཞུང་ནས་མིག་རྒྱང་དགོས་པ་ཡིན་པས་སྔར་རྒྱུན་ལྟར་བརྩེ་འཛིན་འོང་ཞིང༌། གང་སར་སྔར་ལས་མ་གཡོས་པར་མཛོད་གསུང་པའི་བསླབ་