R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༥༥
[A:༡༥༥]དོན་བཀའ་དྲིན་བསྐྱངས་ཤིང༌། ཟུར་གསོས་དཔངས་མཐོ་བ་སྩལ། ཇོ་ཤཱཀ་རིན་པོ་ཆེས་གཙོས་རྟེན་གསུམ་རྣམས་ལ་སྙན་དར། སྤོས། ཞལ་ཟས། དཀར་མེ་བཅས་མཆོད་འབུལ་རྒྱས་པར་བསྒྲུབས། འོད་ཁར་ཀོ་འཇའ་དང་སྦྲགས་པའི་གནང་སྦྱིན་གོས་རྒྱན་བཞིའི་བེར། པང་ཁེབས། གན་དཀར། གསེར་སྒ་ཆ་ཚང༌། རྟ་སོགས་བླ་ཆས་ཆ་འགྲིགས་དང༌། གོས་དར། ཕྲུག་རས། ཇ་འཁོར་དྲུག་ལྔ། མར་ཁལ་བརྒྱ་སོགས་དགུ་ཚན་བདུན་དང༌། ཟ་དམ་ནས་འབྲུ་ཁལ་སུམ་བརྒྱའི་བཀའ་འཛིན་བཅས་ལྷོ་བྲག་ལྷ་ཁང་ནས་གནས་ཚང་དུ་བྱོན་ནས་བསླབ་དོན་རྣམས་ཞིབ་ཏུ་སྩལ་བས་ཚང་མས་འགྲན་མེད་ལྟ་བུའི་བཀའ་དྲིན་བསྐྱངས། གཙང་དུ་འགྲོ་བའི་ལམ་ཡིག་ཀྱང་སྩལ། བསྟི་གནས་སུ་འབྱོར་ནས་དབོན་གོང་མའི་སྐུ་གདུང་རིན་པོ་ཆེར་དར་རས་ལ་དྲི་བཟང་བྱུགས་ཏེ་ན་བཟར་ཕུལ། གཟིམས་ཆུང་དུ་བྱེ་སྟེམས་ཞུས་ཏེ་མཆོད་པ་རྒྱུན་མ་ཆད་པར་ཕུལ། གོང་མའི་གདུང་ཐལ་བསྲེས་པའི་བིརྺ་པ། ས་ཆེན། ས་པཎ་སོགས་བླ་མའི་སྐུ། ཀྱེ་རྡོར། འཇིགས་བྱེད། གཤེད་དམར་སོགས་ཡི་དམ་དུ་མ། སྟོན་པ་དང་བྱམས་པ། ཚེ་དཔག་མེད་སོགས་སངས་རྒྱས་ཀྱི་སྐུ། རིགས་གསུམ་མགོན་པོ་སོགས་བྱང་ཆུབ་སེམས་དཔའི་སྐུ་ཁྲི་ཕྲག་ཏུ་ཉེ་བར་གསེར་གྱི་ན་བཟའ་གསོལ་བ་དང༌། ཚེ་དཔག་མེད་ཀྱི་སྐུ་སྤར་མ་རྒྱུག་མཐོ་རེ་ཙམ་ཡོད་པ་ཉིས་བརྒྱ་དང་བཅུ་གསུམ་ལ་རིང་བསྲེལ་རེ་བཞུགས་པར་གསེར་བཏུལ་མ་ཞོ་བརྒྱ་དང་དྲུག་ཅུ་རེ་གཅིག་སོང༌། ཨ་ལི་ཆོས་རྗེ་དཔོན་སློབ་རྣམས་གཙང་ནས་འཁོར། སྦྱོང་དཀྱིལ་དང་ཚེ་དཔག་མེད་ཀྱི་དབང༌། སྒྲུབ་ཐབས་