R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༥༦
[A:༡༥༦]བརྒྱ་རྩ་སོགས་རྗེས་གནང་གི་རིགས་རྣམས་ཐུགས་འདོད་ལྟར་བྱས། བླ་ཁག །གཟིམས་ཁང༌། ལས་ཚན་ཁག་དང་བཅས་བགྲོས་ཏེ་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོའི་ཆོས་ཀྱི་ཁྲིར་སྡོད་དགོས་ཚུལ་གསུང་པ་བཞིན་བསྡད་དེ། བདག་ཅག་གི་སྟོན་པ། གནས་བརྟན་བཅུ་དྲུག་གི་རྗེས་གནང་བྱས་ཤིང༌། ཚོགས་ཆེན་གྱི་ཁྲི་འབུལ་ཅི་ནུས་ཀྱང་མཛད། འདི་ཁའི་གང་ཅིའི་འཛིན་སྐྱོང་དང༌། གཤེགས་རྫོང་གི་མཇུག་རྣམས་གཅུང་རིན་པོ་ཆེས་གནང་ནས། ངེད་རང་དཔོན་སློབ་བཅོ་ལྔ་སྐོར་བྱང་ལམ་བརྒྱུད་གཙང་དུ་ཕྱིན། ཐོག་མར་གདན་ས་ཆེན་པོ་རྩེ་གདོང་དུ་ཁྲི་ཆེན་བྱམས་པ་བསོད་ནམས་པ་སྐུ་མཆེད་ཁུ་དབོན་རྣམས་དང་མཇལ། རྟེན་མཆོད། གོས་དར། ཇ། རྟ་སོགས་ཀྱི་མཆོད་འབུལ་རྒྱས་པར་ཕུལ། ཚོགས་སུ་མང་ཇ་རྟེན་མཇལ་རྣམས་ཞུས། ལུགས་གཉིས་ཀྱི་བདག་རྐྱེན་བརྩེ་བས་བསྐྱངས། ས་སྐྱར་བགྲོད་པའི་ལམ་དུ་མཐའ་འདུལ་གྱི་གཙུག་ལག་ཁང་གཙང་འགྲམ་བྱེ་མ་ལྷ་ཁང་མཇལ། སྙན་དར་དང་མཆོད་པ་རྒྱས་པར་ཕུལ། གསེར་མདོག་ཅན་དུ་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་དངུལ་གདུང་རིན་པོ་ཆེར་སྙན་དར། མཁན་པོར་བསྔོ་རྟེན། ཚོགས་སུ་མང་ཇ་བཅས་ཞུ་མི་བཏང༌། རིམ་གྱིས་བསྐྱོད་པ་གཞིས་རྩེར་སླེབས་པ་རྫོང་ནས་ཟུར་གསོས་དང༌། བཟན་ཤིང་གི་བདག་རྐྱེན། བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པ་མཇལ། མཆོད་འབུལ་དཔངས་མཐོ་བ་ཞུས། བདག་རྐྱེན་དང་གནང་སྦྱིན་གཟབས་པ་གནང༌། གནས་མཇལ་རྒྱས་པར་ཞུས། ཞྭ་ལུ་དང༌། ཨེ་ཝྃ་ཆོས་ལྡན་གྱི་རྟེན་གཙོ་ཆེ་བ་རྣམས་སུ་སྙན་དར་དང༌།