[A:༡༥༧] བླ་ཁག་སོ་སོར་མཆོད་འབུལ་དང༌། ཚོགས་སུ་མང་ཇ་ཞུ་མི་རྫོང་བདའ་བྱས། སྣར་ཐང་གི་གཙུག་ལག་ཁང་མཇལ་བར་ཕྱིན། སྙན་དར་དང་མཆོད་པ་ཕུལ་ཞིང༌། ས་ལུགས་ཀྱི་གྲྭ་ཚང་ལ་གྲྭ་ཇ་ཞུས། ཆུ་མིག་གཙུག་ལག་ཁང་དུ་སྙན་དར་དང་མཆོད་པ་ཕུལ། མེ་འབར་གྱི་གཙུག་ལག་ཁང་དར་ལུང་གཉན་དུ་ཕྱིན། སྙན་དར་མཆོད་གཏོར་རྒྱས་པར་ཕུལ་ཞིང་ཕྲིན་བཅོལ་ཞུས། ཞོ་མ་ལ་བརྒྱུད་ཕྱིན་ཏེ་གདན་ས་ཆེན་པོ་མཐོང་བས་ལུས་ཀྱི་བ་སྤུ་ལྡང་ཞིང་དད་གུས་ཀྱི་དགའ་བ་ཚད་མེད་པ་སྐྱེས། གཞི་ཐོག་ཏུ་གཏུགས་པས་གནས་ཚང་ཞིག་ཏུ་ཟུར་ཆས་གྱ་ནོམ་པ་དང་བཅས་སྐྱེལ་བ་གནང༌། གོང་བཞུགས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་མཇལ་ཁ་དགོས་ཚུལ་ཞུས་པར། ཕྱག་མཛོད་ནས་དེང་སང་སྐུ་ཤིན་ཏུ་ལྟེམ་པ་ཞིག་ཡོད་པས་མཇལ་ཁ་མི་འོང་འདྲའང་སྙན་འབུལ་ཞུ་ཟེར། ཞག་གསུམ་སོང་བའི་ཐོ་རངས་ཀྱི་རྨི་ལམ་དུ་ངེད་རང་བཅོ་བརྒྱད་བླ་བྲང་དུ་འདུག་པར། མི་ཞིག་བྱུང་ནས་གོང་མ་ཆོས་ཀྱི་སྤྱན་ལྡན་མཇལ་བར་ཤོག་ཟེར་བས་ཞིང་བརྗེས་ཀྱང་མཇལ་རྒྱུ་ཡོད་ཁུལ་གྱི་བླ་བྲང་གི་རྒྱབ་ལྕང་རར་ཕྱིན་པས། ནེའུ་གསེང་ཡིད་དུ་འོང་བ་ལྗོན་ཤིང་དང་མེ་ཏོག་གིས་བརྒྱན་པའི་དབུས་ན། སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི། པདྨ། ཉི་མ། ཟླ་བའི་གདན་ལ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་འཛུམ་བག་དང་ལྡན་པ། ཕྱག་གཡས་མི་འཇིགས་པའི་ཕྱག་རྒྱ་དང༌། གཡོན་པས་བདུད་རྩི་ཁོལ་བཞིན་པས་གང་བའི་ཐོད་པ་དཀར་པོ་བསྣམས་པ། འཇའ་