R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༥༩
[A:༡༥༩]རྐྱེན་གཞན་དང་མི་འདྲ་བ་སྩལ་ཞིང་གདུང་བརྒྱུད་རིན་པོ་ཆེ་འཇམ་དབྱངས་བསོད་ནམས་དབང་ཕྱུག་ལ་མཆོད་འབུལ་གྱི་རྟེན་རྣམས་ཕུལ་ཏེ་མཇལ་ཁ་ཞུས། རབ་འབྱམས་པ་བཀྲ་ཤིས་ཀྱིས་སྣ་ཤེན་མཛད་དེ་དབུ་རྩེ་ནས་བཟུང་ལྷ་ཁང་ཐམས་ཅད་དུ་སྙན་ཤལ་སྤོས་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་འབུལ་རྒྱས་པར་ཞུས། སྒོ་རུམ་དུ་བསེ་འབག་མཇལ་བས་སྐུ་བོང་ཤིན་ཏུ་ཆེ་ཞིང༌། ཞལ་སྣུམ་བག་ཆེ་བ་ཞིག་ཏུ་མཐོང༌། པུ་ཏྲའི་བླ་མཚོར་ཡང་སྣུམ་དྭངས་པ་ལྟ་བུའི་ནང་ནས་ལས་མགོན་གྱི་ཞལ་སྨུག་ནག་ཁྲོ་ཞིང་བརྗིད་པ། དབུ་སྐྲ་ཐོར་ཅོག་བྱས་པ་ཞིག་མཐོང༌། ལྷ་ཁང་ཆེན་མོར་མང་ཇ་དང༌། མཁན་པོར་མཆོད་འབུལ་གྱི་རྟེན་ཀྱང་ཕུལ། དཀར་པོ་རྒྱང་གྲགས་མཇལ། ལྷ་ཁང་སོ་སོར་སྙན་དར་མཆོད་པ་གང་རྒྱས་ཕུལ་ཞིང་བསྟན་འགྲོའི་དོན་དུ་སྨོན་ལམ་ཡིད་ཚིམ་པ་བཏབ། སྒྲོལ་མ་ལྷ་ཁང་མཇལ། སེམས་དཔའ་སུམ་བརྩེགས་ལ་སྙན་དར་འཕངས་བ་ཐུགས་ཀའི་ཐད་དུ་བསྡད་སོང་བ་ཕྲིན་ལས་རྒྱས་པ་འོང་འདྲ་བསམ་ཡིད་བདེ་བའང་བྱུང༌། མཆོད་འབུལ་སྨོན་ལམ་ཡང་དག་བྱས། ཁའུ། ཁྲུ་མ། བྱས་འགྱུར་རྣམས་མཇལ་བར་ཕྱིན། སྙན་དར་དང༌། མཆོད་འབུལ་རྒྱ་ཆེ་བ་དང༌། བསྟན་འགྲོའི་དོན་དུ་སྨོན་ལམ་བཏབ་ཅིང་བསམ་གླིང་དུ་ཕྱིན་པས་སྐུ་གཉེར་མི་འདུག་པས་སྒོ་དྲུང་དུ་ཅི་དྲག་བསམས་པ་ན། སྒོ་རང་བྱེར་གྱུར་ཏེ་མཇལ་ཁ་དང༌། སྙན་དར་མཆོད་པ་སོགས་སྨིན་རྒྱས་དང༌། ས་ལམ་གྱི་བར་ཆད་ཞི་ཐབས་སྨོན་ལམ་བཏབ་སྟེ་གཞི་ཐོག་ཏུ་འཁོར། ཕྱི་ཉིན་སྟོན་མོ་རྒྱས་པ་དང༌། གོང་བཞུགས་ཀྱི་དབུ་ཞྭ། སྐུ་གཟན། དམ་རྫས་ཁྲི་རྡོ། སྟོང་རྡོ།