R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༥༨
[A:༡༥༨]འོད་ཀྱི་གུར་དང༌། མེ་ཏོག་གི་ཆར་འབབས་བཞིན་པ་དང་བཅས་པ་མཇལ་ཞིང༌། ཕྱག་འཚལ། བྱིན་རླབས་ཞུས་པས། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་བཅས་བདག་གི་མགོ་ཐོག་ཏུ་བཞག་ནས། དབོན་ཆུང་བྱོན་པ་ཨེ་ཡིན་གསུངས་པས་དགའ་སྤྲོ་དང་སེམས་ལ་བདེ་བ་ཚད་མེད་པར་གྱུར་ཚེ། རྗེ་ཉིད་ནི་མ་བཞུགས། རྗེ་བཙུན་རིན་པོ་ཆེ་དང་མཇལ་སྙམ་པའི་མུས་ལ་གཉིད་སད། ཉི་མ་རྩེ་ཤར་ལ་མགྲོན་གཉེར་བྱུང་ནས་གོང་བཞུགས་མཇལ་དུ་ཤོག་ཟེར་བྱུང་བས། རྗེ་གོང་མ་དེ་ཉིད་དང༌། སྔགས་འཆང་བླ་མ་གཉིས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་སླར་ཡང་བསྟན་འགྲོའི་དོན་དུ་སྤྲུལ་པའི་ཟློས་གར་བསྟན་པར་གདོན་མི་ཟ་བར་མངོན་ཞིང༌། ཕྱག་དབང་དང་མཆོད་འབུལ་གྱི་རྟེན་ལ་སྐུ་གསུང་ཐུགས་རྟེན། གསེར་དངུལ་གྱི་མཎྜལ། སིལ་སྦུགས། གོས་དར། ཇ་རས། རྟ་སོགས་འབུལ་བ་ཤིན་ཏུ་བཟང་བ་དང་བཅས་ཡབ་སྲས་མཇལ་བར་ཕྱིན་པས། གཞི་ཐོག་གི་ཚོམ་དམར་དུ་འཕགས་པ་རིན་པོ་ཆེའི་བཞུགས་ཁྲིའི་སྟེང་དུ་བསྙུན་མི་མངའ་བའི་ཚུལ་དུ་བཞུགས། སྐུ་མདུན་དུ་གདན་བཟོས་ཆེ་བའི་ཁར་བསྡད། དགྱེས་པ་ཆེན་པོའི་འཛུམ་བག་དང་བཅས་གསོལ་ཇ་གསུམ་གྱི་རིང་དྲི་བ་དང་འཕྲལ་ཕུགས་ཀྱི་བསླབ་དོན་བཀའ་དྲིན་བསྐྱངས་ཤིང༌། སྡེ་སྲིད་སྐུ་ཞབས་སུ་སྙན་འབུལ་ཞུ་རྒྱུའི་ངག་མ་བསླབ་དོན་ཀྱང་སྩལ། ཐམས་ཅད་མཁྱེན་པ་ས་སྐྱ་པཎྜི་ཏ་དང་འཇམ་དབྱངས་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་དང༌། འོད་དཔག་མེད་ཀྱི་སྣང་བ་བསྒྱུར་བའི་འདའ་ཁ་མ་གནང་ཞིང་ཞག་བཅུ་སྐོར་ཞིག་བསླབ་སྟོན་བཞིན་བསྡད། དེའི་རིང་བདག་