R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༦༠
[A:༡༦༠] བརྒྱ་རྡོ་དང༌། བཅུ་རྡོ་གསུམ་རེ། སིལ་བུ་མང་བ། འགག་རིངས། གཟན་ཤམ། དར་རས། སྣམ་བུ། བུར་ལྟོང་སོགས་གནང་སྦྱིན་གྱ་ནོམ་པ་སྩལ། ཕྱི་ཉིན་མགྲོན་གཉེར་དཔོན་གཡོག་གསུམ་གསོལ་ཇ་དང་བཅས་གླང་པོ་རིའི་བར་སྐྱེལ་བར་གནང༌། དེ་ནས་བསྙེན་རྫོགས་ཞུ་བའི་གཟའ་སྐར་སྟབས་མྱུར་འགྲོས་ཀྱིས་རྩེ་གདོང་ལྷུན་པོ་རྩེར་སྐུ་ཞབས་སུ་སླེབ། མཇལ་ཁ་ཕྱག་དབང་རྒྱས་པར་སྩལ། ཕྱི་ཉིན་ཟླ་བ་བདུན་པའི་ཉེར་གཉིས་ཀྱི་ཉིན་རེས་གཟའ་ལྷའི་བླ་མ་དང་རྒྱུ་སྐར་རྒྱལ་གྱི་འགྲུབ་སྦྱོར་བཟང་པོའི་ཉིན་གྱི་སྔ་དྲོའི་ཆའི་གྲིབ་ཚོད་རྐང་པ་གཉིས་ཀྱི་དུས་སུ་མཁན་པོ་ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་མངའ་བདག་འཇམ་མགོན་ཆོས་ཀྱི་རྒྱལ་པོ་དོན་གྱི་སླད་དུ་མཚན་ནས་སྨོན་ཏེ་བྱམས་པ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། ལས་ཀྱི་སློབ་དཔོན་ཐུབ་བསྟན་རྣམ་པར་རྒྱལ་བའི་མཁན་རིན་པོ་ཆེ་བསྟན་པའི་གསལ་བྱེད་དམ་པ་གནས་ལྔ་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་ཆོས་དཀར་རྣམ་རྒྱལ། གསང་སྟོན་གནས་བརྟན་འདུལ་བ་འཛིན་པ་དཔོན་སློབ་རིན་ཆེན་སྒང་པ། དུས་བསྒོ་བ་དབུ་མཛད་བསྟན་འཛིན། ཁ་སྐོང་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི་རྒྱལ་བསྟན་ཉིན་མོར་གསལ་ཞིང༌། ལུགས་གཉིས་མཛད་པའི་ཕྲིན་ལས་ཕྱོགས་བརྒྱར་འགྱེད་པའི་གནས་དཔལ་རྩེ་གདོང་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོའི་བླ་བྲང་ལྷུན་པོ་རྩེར་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཐོབ་སྟེ་འདུལ་བ་འཛིན་པའི་གྲས་སུ་གྱུར་ཏོ། །ཡིད་འོང་པདྨའི་རྫིང་བུ་ཉམས་དགའ་བར། །རིང་ནས་སྤྲོ་བའི་ངང་མོ་