R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༦༤
[A:༡༦༤]མཁྱེན་གཟིགས་ཆེན་པོ་རྒྱ་ནག་ཕོ་བྲང་ནས་ཆིབས་ཁ་བསྒྱུར་བ་བཀའ་དྲིན་བསྐྱངས་པའི་ཕེབ་ལམ་འཕེན་ཡུལ་དུ་གནང་བར། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་རྒྱ་ནག་ནས་ཕེབ་པའི་ཕེབ་བསུར་གཡག་རོང་གཉིས་ཀྱིས་ཕེབ་པའི་གནས། གཡག་རོང་གདོང་དུ་ནཱ་ལེནྡྲ་ནས་གཅུང་ངག་དབང་བསྟན་འཛིན་གྱིས་གཙོས་བླ་ཁག་ལས་ཚན་གྲྭ་རིགས་དང་བཅས་པ་བཞི་བརྒྱ་སྐོར་གྱིས་སེར་ཕྲེང་རྒྱས་པ་དང༌། ཕེབ་བསུའི་རྣམ་པ་སོགས་ངེད་རང་གི་ངག་བཀོད་ལྟར་ཞུས་འདུག་ཅིང༌། མཇལ་རྟེན་གྱི་འབུལ་བ་དང་ཕྱག་དབང་ཞུ་བར་ཁྱེད་རང་དཔོན་སློབ་རྣམས་དགའ་ལྡན་ཆོས་འཁོར་དུ་བྱོན་ཞེས་བསླབ་སྟོན་ཕེབ་པ་བཞིན་དགའ་ལྡན་ཆོས་འཁོར་ནས་མཇལ་ཁ་ཕྱག་དབང༌། བཀའི་དྲི་བ་སོགས་རྒྱས་པར་སྩལ་ཏེ་དགེས་དགེས་གནང་ཞིང༌། དེ་ཁ་ཁུངས་བཙུན་པས་ཕྱག་དཔེ་ཐོ་བཀོད་བྱས་པ་བཞིན་ལྷ་སར་སྐྱེལ་མི་ཐོང༌། བཀའ་དྲིན་ཆེ་འདུག་ཅེས་གནང་སྦྱིན། མང་ཇ། འགྱེད་སོགས་གཞན་དང་མི་འདྲ་བར་བཀའ་དྲིན་བསྐྱངས་ཤིང༌། དགོན་གནས་སུ་ལོག་འཕྲལ་ངེད་མཆེད་ཀྱིས་བསླབ་སྟོན་གནང་བའི་ཕྱག་དཔེ་རྣམས་འབུལ་མི་བཏང་བར། ངེད་རང་ལ་བཀའ་ཤོག་བསླབ་སྟོན་ཞིབ་པ་དང་གཟན་གྱི་གནང་སྦྱིན་བཅས་གནང༌། བང་ཆེན་དུ་འགྲོ་མིར་ཆས་ཀ་གནང་སྦྱིན་སོགས་ཀྱང་བརྩེ་བས་བསྐྱང་འདུག །འདི་སྐབས་གོང་མ་ཁུ་དབོན་མ་བཞུགས་པར་ཚོར་བས་སྒོམ་བདེ་ནས་སྐྱི་རྩ་བླ་མ། ཝ་ཤུལ་ནས་ཚུལ་ཁང་བླ་མ་བསོད་ནམས། ཉག་བྲེ་ནས་འབུལ་སྐྱེལ་སོགས་མདོ་ཁམས་ནས་འགྲུལ་པ་ཚན་ཆེ་ཙམ་འབྱོར། བཅོ་བརྒྱད་དུ། ཇ། རྟ།