R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༦༥
[A:༡༦༥] དྲེའུ། མཛོ་སོགས་ཀྱི་རྩིས་སྤྲོད་དང༌། ཚོགས་ཆེན་དུ་ངེད་རང་བོས་ནས་འབུལ་བ། མང་ཇ། འགྱེད་སོགས་སྒྲུབ་པར། ངེད་རང་ནས་ཀྱང་དམིགས་མེད་འཁོར་གསུམ་ཡོངས་དག་གི་བསྔོ་སྨོན་བྱས། ཚོགས་ཆེན་དུ་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དང༌། སྒྲོལ་མ་ཉེར་གཅིག་གི་ཆོས་ར་བྱས་ཤིང༌། སྡེ་སྲིད་སྐུ་ཞབས་སུ་གོང་མ་ཁུ་དབོན་གྱི་དངུལ་གདུང་རེ་བཞེངས་བསམས་པས་བལ་པོ་དང༌། ཕོག་ཡོན་སོགས་ཀྱི་བསླབ་སྟོན་ཞུས་པར། བལ་པོ་ལྔ་འཕྲལ་གནང་དང༌། ཕོག་ཡོན་སོགས་གཞུང་སའི་དེབ་ལ་འདི་བཞིན་ཡོད་ཀྱང༌། འཕར་ཙམ་བྱས་ན་འགབ་སོགས་བསླབ་སྟོན་སྩལ་ཞིང༌། ཤིང་བཟོ་བ་ངེད་རང་གི་ཡོན་བདག་བི་ལུང་པ་དང༌། བྲག་དབར་སྒུང་པོ་ཆེ་བ་གཉིས་བོས་ཏེ་ཤིང་དང་དགོས་ཆ། བལ་པོ་རྣམས་ལའང་རྒྱུ་ཆ་གང་དགོས་སྤྲོད་དེ། ཚུལ་ཁང་བླ་མ་བསོད་ནམས་དང༌། གསོལ་དཔོན་བསོད་ནམས་གྲགས་པ་གཉིས་ཀྱིས་དོ་དམ་བྱས་ཏེ་ལས་གྲ་བཙུགས། བཟོ་དབྱིབས་རྣམ་རྒྱལ་དང་བྱང་ཆུབ་མཆོད་རྟེན་དུ་བཞེངས་པའི་བཀོད་པ་བྱས་པར། ཤིང་བཟོ་དངོས་གཙང་ཞིང་བཙན་ཐག་པ་བཅས་མ་འགྱངས་པར་ཤིང་བཟོ་བ་རྣམས་གྲུབ་བསྟུན། གོས་དར། ཇ་རས། ཁྲོ། ཕྱུགས་སོགས་གླ་ཡོན་གང་ཟབ་བཅས་རྫོང་བདའ་བྱས། བལ་པོ་རྣམས་ལ་ཕོག་དང༌། བར་སྐབས་སུ་སྟོན་མོ་བཅས་ཀྱིས་མགུ་བར་བྱས་ཤིང༌། ཆེ་བ་ཐོག་ཚད་ཀྱི་རྒྱུ་རྩར་ལྷ་ཉག་གིས་ཟངས་ཁལ་བཅོ་ལྔ། དངུལ་སྲང་ལྔ་བརྒྱ། གསེར་ཞོ་བརྒྱ་དང་