[A:༡༧༤]རྣམས་བདེན་པ་ཙམ་ཡོད་ཀྱང༌། ངེད་རང་ས་སྐྱ་པ་རྣམས་ལ་བླ་མ་ས་སྐྱ་བདག་པོ་ལས་ལྷག་པ་གཞན་མ་ཞུས་ན་ཁ་ཚིག་པ་ཞིག་ལགས་ཤིང༌། ལྷག་ཏུ་ཁྲི་ཆེན་ཀུན་དགའ་བསོད་ནམས་ནས་ད་བར་འཛིན་བདག་གནང་བས་གསང་སྔགས་ཀྱི་ཆོས་དམ་ཚིག་དང་འབྲེལ་བའི་གྲྭ་སློབ་གཞན་དང་མི་འདྲ་བ་ནས། རྩེ་གདོང་རང་དུ་སྔར་ལུགས་བཞིན་བཀའ་དྲིན་སྐྱོང་དགོས་ཚུལ་ཞུས་པར། དེ་ན་ལམ་འབྲས་སོགས་འཆད་ཉན་ཐུབ་པ་མེད་ཚུལ་ཟེར་བ་ཇི་ལྟར་ཡིན་བསླབ་སྟོན་གནང་བྱུང་བར། སྔ་སོར་ལམ་འབྲས་རྡོ་རྗེ་ཕྲེང་བ་སོགས་ས་སྐྱའི་ཆོས་ཀྱི་འབྱུང་ཁུངས་སུ་སོང་བས་རིམ་པར་སྩལ་བ། བར་སྐབས་རྒྱང་ཙམ་ཞིག་གནང་མ་བདེ་བར། ད་ཆ་ཞབས་དྲུང་དབོན་རིན་པོ་ཆེས་ལམ་འབྲས་སོགས་གནང་ཆོག་མ་ལགས་པས། མཚལ་དང་བཙག་གི་དཔེ་བཞིན་འོང་བས་རྩེ་གདོང་རང་དུ་གནང་དགོས་ཚུལ་ནན་གྱིས་ཞུས་པས། དེ་ན་ལྷོ་ནས་འཁོར་འཕྲལ་འོད་གནང་བྱུང་ཞིང༌། སྐུ་ཞབས་སུ་དྲུང་ཡིག་པད་རྡོར་དང༌། མགྲོན་གཉེར་དྲུང་པ་འདུག་པའང་དགྱེས་སོང༌། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོར་ཕྱག་དབང་ཞུས་པར་ཆོས་ཀྱི་དྲི་བ་ཞིབ་ཏུ་སྩལ། མགྲོན་ཁང་དུ་སྟོན་མོ་དང༌། ཡས་ཕྱིན་ལྷན་གྱི་གནང་སྦྱིན་གོས་ཡུག །གནམ་ཇ་ཀོ་ཁྲ་སོགས་རྒྱ་ཆེར་བཀའ་དྲིན་བསྐྱངས། པོ་ཏ་ལ་དང་ཇོ་ཤཱཀ་གི་གནས་མཇལ་ཞུས་སྐབས་རྫོང་དཔོན་གྱི་གསོལ་ཇ་གནང༌། སྙན་ཤལ་དང་མཆོད་པ་གང་རྒྱས་ཕུལ་ཞིང་ཕྱིར་ལོག །ཆོས་སྡེ་ཆེན་པོར་ཁམས་སོག་དང་དོན་གཉེར་གྱི་ཆོས་ཞུ་བ་རྣམས་ལ་དབང་ལུང་ཁྲིད་སོགས་བྱས། དུས་དྲན་མཆོད་པ་