R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༧༥
[A:༡༧༥]སོགས་ལུགས་གཉིས་རིམ་སེལ་དང༌། དགོན་ལག་གི་ཆོས་སོགས་གཅུང་རིན་པོ་ཆེས་གནང༌། ༈ མེ་བྱ་ལོར་ཟླ་བ་དང་པོར་གྲུབ་རྒྱལ་ལུགས་ཀྱི་ཚེ་སྒྲུབ་དང༌། གཉིས་པར་བྲག་རྫོང་མའི་བསྙེན་པ་འབུམ་ཕྲག་བཅུ་དྲུག་པ་ཞིག་བྱས། བཞི་པར་སློབ་དཔོན་ཆེན་པོ་ཨ་བྷཱ་ཡ་ཀ་ར་དང༌། དར་པཎ་ཨཱ་ཙརྱས་བཀྲལ་བའི་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས། དགེ་ལེགས་སུ་བྱ་བའི་དཀྱིལ་འཁོར་གསུམ་དང་བཅས་པ་ཕྱག་ལེན་ཤིན་ཏུ་རྒྱས་པ་ཟླ་བ་གཅིག་གི་རིང་བཙུགས་པར། མཁས་བཙུན་གྲུབ་པའི་དབང་ཕྱུག་གཅུང་རིན་པོ་ཆེས་དབུས་ཕྱོགས་ནས་བྱོན་པའི་བླ་ཁག །མདོ་ཁམས་དང༌། སོག་ཡུལ་བཅས་ཀྱི་འབུལ་སྡུད་སོགས་ཚོགས་པ་བཞི་བརྒྱ་སྐོར་བྱུང༌། ཕྲེང་བ་སྐོར་གསུམ་གྱི་ལུང་དང༌། རབ་བྱུང་བསྙེན་རྫོགས་ཉིས་བརྒྱ་སྐོར་ཀྱང་བསྒྲུབས། དབྱར་སྨད་རྒྱལ་རྩེ་ནས་མཆོད་ཡོན་ཕོ་བྲང་ཆེན་པོར་ཆིབས་ཁ་བསྒྱུར་བའི་མཇལ་ཁར། ངེད་རང་བླ་ཁག་ལས་ཚན་བཅས་ཀྱིས་ཕྱིན་སྐབས། ནཱ་ལེནྡྲ་པ་རྣམས་ལ་རྩེ་གདོང་དང་ཟློས་གཞིའི་སྐོར་དྲི་བ་གནང་སོང་ཞིང༌། ངེད་རང་ལ་མགྲོན་གཉེར་དྲུང་པ་བརྒྱུད་གཟིམས་ཁང་གི་བདག་པོ་ཁྱེད་རང་ཚོས་བྱས་ན་བབས་འབྲེལ་ཡིན་འདྲ། འདོད་པར་མ་བབས་པ་ནི་མི་བྱེད་བསླབ་སྟོན་གནང་བྱུང་བར། ས་སྐྱ་བདག་པོའི་ཕྱག་ནས་ཞུས་ན་ཚང་མའི་མིག་ལྟོས་ལ་གནོད་པ་ཞིག་འོང་འདུག་བསམ་དགོངས་པ་ནན་གྱིས་ཞུས་པས་ཁྲོལ་ཆ་གནང༌། ལས་ཚན་རྣམས་ལ་རྩེ་གདོང་ནས་བྱུང་བསྟུན་འཛིན་སྐྱོང་སོགས་ཀྱི་བསླབ་སྟོན་གནང་བར་སྐུ་ཚབ་བཏང་རྒྱུ་ཡིན་ཕེབ།