[A:༡༧༩] དགོང་མོ་སྡེ་སྲིད་སྐུ་ཞབས་ཀྱི་མཇལ་ཁ་ཞུས། གར་ཙམ་སྡོད་ཀྱི་དྲི་བ་གནང་བྱུང་བར། ས་སྐྱ་གོང་བཞུགས་ཕེབ་ཚུལ་ཐོས་པས་ཞག་གཉིས་སྡོད་རྩིས་ལགས་ཞུས་པར། ཞག་བཅུ་སྐོར་ནས་ཕེབ་རྒྱུ་ཡིན་པས་དེ་བར་བསྒུགས་ན་ལེགས་པར་འོང་ཕེབ། ཟུར་ཆས་སོགས་བཀའ་དྲིན་ཆེ་བར་གནང༌། ཕྱོགས་འདུས་གྲྭ་སློབ་མང་ཙམ་ལ་དབང་རྗེས་གནང་གི་རིགས་ཀྱང་ཕུལ། ཞག་ཤས་ནས་གོང་མ་ཕེབ་ཅིང་ཕྱག་མཇལ་ཞུ་བར་ངེད་མཆེད་ལྷན་ཏུ་ཕྱིན་པར་མཇལ་ཁ་དང་ཤིན་ཏུ་དགྱེས་པའི་བསླབ་སྟོན་སོགས་སྩལ། ཞག་ཤས་འདི་ཁར་སྡོད་གསུང་བསླབ་སྟོན་བཀའ་དྲིན་བསྐྱངས་པ་ལྟར་བསྡད། ཉིན་རེ་བཞིན་ཚེ་དབང་བརྒྱ་རྩ་རིམ་བཞིན་སྩལ་ཞིང༌། གུར་ལྷ་བརྒྱད་ཀྱི་རྗེས་གནང་ཀྱང་གནང༌། ངེད་མཆེད་ལ་ཕྱག་མདུད། དམ་རྫས་བརྒྱ་རྡོ། སྟོང་རྡོ། སིལ་བུ་མང་བ། གནང་སྦྱིན་དཔངས་མཐོ་བ་བཅས་གནང༌། དགོན་པར་མང་ཇ། དམ་རྫས་ཀྱི་འགྱེད། སྤྱི་འགྱེད་བཅས་སྩལ། འཆད་ཉན་སོགས་བསྟན་པ་ལ་གང་སྤྱིར་བསམ་པ་ཆེ་བ་བྱེད་དགོས་པའི་བསླབ་སྟོན་སོགས་ཞིབ་པར་སྩལ། བསམ་ཡས་སུ་རྒྱང་ཙམ་སྡོད་རྩིས་ཡིན་པས་ཆོས་གང་དགོས་པ་འོང་བས་ཕ་གིར་བྱོན་གསུང་པར། དགོན་གནས་སུ་འབྱོར་ནས་གཅུང་རིན་པོ་སྐུ་ཤིན་ཏུ་ལྟེམ་པར་བྱུང་བས་ངེད་རང་འགྲོ་མ་ནུས་པར། ཨ་མ་ལགས་དང༌། མཆེད་མགོན་པོ་རབ་བརྟན་བཅས་བསམ་ཡས་སུ་གོང་མའི་སྐུ་ཞབས་སུ་ཕེབ། ངེད་རང་ནས་སྐུ་རིམ་དུ་ཚོགས་ཆེན་གྱི་སྒྲོལ་མ་ཁྲི་ཚར། ཚེ་གཟུངས་དང་ཤེར་སྙིང་འབུམ་ཐེར། ཀུན་རིག་གི་ཆོ་ག་སྟོང་རྩ་རྣམས་བསྒྲུབས་ཤིང༌།