[A:༡༨༠] དགེ་འདུན་ཞལ་གྲངས་སུམ་བརྒྱ་སྐོར་ལ་གྲྭ་པ་རེར་ཡོན་བཀྲས་བཏགས་དང༌། སྨན་ཁ་རེ། བཅུ་རེར་བཟང་ཇ་སིག་རེ། སྤྱི་ཡོན་དུ་ཚོགས་གདན་ལ་དྲུམ་ཡུག་ཉི་ཤུ་རྩ་གཉིས། སྤོམ་ཐག །བླ་ཆས་ན་བཟའ་ཆ་ཚང༌། ཞལ་དཀར་སོགས་འདྲེན་ཆས་ཆ་ཚང༌། ཆིབས་སྒ་ཆ་འགྲིགས་རྣམས་ཕུལ་ཏེ་མཉེས་པར་བྱས། འཚོ་བྱེད་བཀྲས་སྦུག་པ་སོགས་ཀྱིས་འཕྲོད་བསྟེན་ཞུས། ངེད་རང་ནས་ཚེ་དབང་བརྒྱ་རྩ་ཕུལ་བས་འཚོ་བྱེད་ཀྱིས་ཕྱག་རྩའི་སྡོད་ཕྱིར་གཤེགས་འདུག་པས། ད་དུང་ཚེ་དབང་མཛད་ནས་སྐུ་ཚེར་ཕན་པར་འདུག་ཟེར་བ་བཞིན་བརྒྱ་རྩ་ལྔ་ཕུལ་བས། འཚོ་བྱེད་པས་ད་ཆ་ཚེ་དབང་གི་བྱིན་རླབས་ཀྱིས་ཕྱག་རྩར་བལྟས་ན་ལོ་བརྒྱད་ཚུན་ཁག་ཐེག་ཟེར་བ་བཞིན་ཕྱིས་ཐོག་ཏུ་ཁེལ། རྣམ་འཇོམས་དང༌། སྨེ་བརྩེགས་ཀྱི་ཁྲུས་བརྒྱ་རྩ་རེ། གུར་དྲག །མགོན་པོ་དང༌། འབྱུང་འདུལ་སོགས་རྗེས་གནང་གི་རིགས་མང་བར་ཕུལ། ཆོས་སྲུང་རྣམས་ལ་བསྐང་བ་བརྒྱ་རྩ། ཕྱོགས་བཞིའི་གཏོར་མ། སྔགས་པས་བརྒྱ་བཞི་སོགས་མདོས་རིགས་མང་བར་བསྒྲུབས་པས་བསྙུང་གཞི་ཡར་ལྡན་དུ་སོང༌། རྩེ་གདོང་ཞབས་དྲུང་ཁྲི་ཆེན་ཆོས་སྡིངས་ནས་ཕེབ་པར་ཐབ་བསུ་དང༌། ཆིབས་བསུ་བར་ངེད་དཔོན་སློབ་དྲུག་ཅུ་སྐོར་གྱིས་ཞུས་ཤིང༌། སེར་ཕྲེང་ཀྱང་རྒྱས་པར་བསྒྲིགས་ཏེ་གཟིམས་ཁང་དུ་ཕེབ་འཕྲལ་དཔོན་གཉེར་གྱིས་གཞིས་བྱེས་ཚང་མར་གཞི་ལེན་དུ་གསོལ་ཇ་ཞིག་ཞུས། ཕྱི་ཉིན་བཅོ་བརྒྱད་དུ་སྤྱན་དྲངས་ཏེ་གཞི་ལེན་གང་ཟབ་དང༌། གོས་དང༌། ཇ། རྟ་སོགས་ཀྱི་འབུལ་བ་ཆེ་བར་ཕུལ་ཞིང༌། དེ་ཞོར་གཅུང་རིན་པོ་ཆེར་ཚེ་དབང་ལྕགས་སྡོང་མ་ཞིག་སྩལ། ཆོས་སྲུང་གི་སྐུ་གསར་བཞེངས་རྣམས་ལ་