R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༧༨
[A:༡༧༨]ལྟར་རྒྱས་པར་གྱུར། དགོན་ལག་སོ་སོར་གཅུང་རིན་པོ་ཆེ་ཕེབ།། ༈ ས་ཁྱི་ལོར་ཟླ་བ་དང་པོར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་དང༌། ས་དབང་ཆེན་པོའི་མཇལ་ཁ་ཞུ་བ་དང༌། བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་བཞུགས་ཁྲིར་རྒྱལ་སྲས་བསྟན་འཛིན་ད་ཡན་རྒྱལ་པོ་རྒྱལ་སྲིད་དུ་དབང་བསྐུར་བ་གནང་བའི་ཁྲི་འབུལ་དུ། ངེད་རང་ལས་ཚན་བཅས་པས་ཕྱིན་ཏེ་ར་ས་འཕྲུལ་སྣང་གི་སྡེ་ཆེན་པོར་སླེབས། རྩེ་གདོང་ནས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བྱམས་པ་བསོད་ནམས་ཆིབས་ཁ་བསྒྱུར་འདུག་པས། ཕྱག་དབང་དུ་ཕྱིན། ཐུགས་ཤིན་ཏུ་དགྱེས་པ་དང་བཅས་པས་ངེད་རང་དཔོན་སློབ་ཁྲི་འབུལ་གྱི་མཇལ་ཁར་ལྷན་དུ་ཤོག་གནང་བར། བསླབ་དོན་ལྟར་ཞུ་བ་གཞིར་བཅས་ཞུས། གནས་ཚང་དུ་སླེབས་ནས་ཁྱེད་དཔོན་སློབ་ཀྱིས་མགྲོན་གཉེར་སོགས་ལ་སྙན་འབུལ་གནང་མི་དགོས། འདི་ནས་ཞུས་ཆོག་གསུངས། ཕྱི་ཉིན་རྡོ་རིང་གི་རྩ་བ་ལ་འབྱོར་སྐབས་རྩི་བཞག་གནང་མི་སྐུ་ཚབ་གཉིས་ཀྱིས་དེ་རིང་གཙང་པ་རྣམས་ལས་དབུས་པ་མིན་གཤིས་བསླབ་སྟོན་ཞུ་དགོས་ཕེབ་པ་རྒྱང་ཙམ་སོང་སྐབས། སྐུ་ཞབས་ནས་གཟིམས་ཞུ་བ་གནང་ནས། ཁྱེད་དཔོན་སློབ་སང་བྱོན་ཆོག་གི་བསླབ་སྟོན་གནང་བྱུང་བས་གནས་ཚང་དུ་ལོག །ཕྱི་ཉིན་ལེགས་འབུལ་བཞུགས་གྲལ་དུ་ངེད་རང་དང༌། བྱམས་གླིང་མཁན་པོ་གཉིས་ལ་ཚང་མའི་མགོར་གདན་བཟོས་ཆེ་ཤིང་སྟོན་མོ་སོགས་དཔངས་མཐོ་བ་བཀའ་དྲིན་གཞན་ལས་ཆེ་བ་གནང༌། ཕྱི་ཉིན་གསོལ་ཚིགས་གྲོལ་འཕྲལ་གོང་ས་ཆེན་པོའི་མཇལ་ཁའི་ཐོག །བརྩེ་བ་ཆེན་པོས་དབང་དང་རྗེས་གནང་གི་ཕྱག་ལེན་སྐོར་གྱི་དྲི་བ་ཞིབ་ཏུ་སྩལ།