[A:༡༨༡]རབ་གནས་སུ་གདན་འདྲེན་ཞུས། དགྱེས་མཛད་རྡོ་རྗེའི་སྒོ་ནས་ཕྱག་ནས་རྒྱས་པ་བཀའ་དྲིན་བསྐྱངས། རྟེན་འབྲེལ་ཤིན་ཏུ་འཇིགས་པར་གྱུར། ཕྱི་ཉིན་སྤྱི་སོས་སྤྱན་དྲངས་ཏེ་གཞི་ལེན་རྒྱས་པ་དང༌། གོས་དར་ཇ་སོགས་ཀྱི་འབུལ་བ་ཞུས། ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོའི་ཁྲིར་ཕེབ་སྟེ་ཚོགས་སུ་འཇམ་དབྱངས་དམར་སེར་གྱི་རྗེས་གནང་སྩལ། གཟིམས་ཁང་དུ་ཚེ་དཔག་ལྷ་དགུའི་བཀའ་དབང་ཚང་མར་གནང་བ་དང༌། མགོན་ཁང་ཆེན་མོར་ཐུགས་གསོས་བསྐང་བ་སོགས་རྒྱས་པར་གནང༌། བླ་ཁག་དང་ཁམས་ཚན་ཆེ་བ་རྣམས་ཀྱི་གདན་འདྲེན་ཞུ་བ་དང༌། ཆུང་བ་རྣམས་ཀྱིས་ཇ་ཞུས་ཐོག་འབུལ་བ་རྒྱས་པར་ཞུས། འཕེན་ཡུལ་ཁུལ་བླ་ཁག་དང༌། དགོན་ཁག །ཡོན་བདག་རྣམས་ཀྱིས་ཆེ་འབྱོར་ཆུང་འབྱོར་ལྟ་བུའི་སོ་སོ་ནས་འབུལ་ཞབས་རྒྱ་ཆེ་བར་བྱུང་སོང་ཞིང༌། བྱིན་རླབས་ཆོས་འབྲེལ་ཡང་བཀའ་དྲིན་ཆེ་སྟེ་གཙང་དུ་ཆིབས་ཁ་བསྒྱུར། ཡར་ལམ་དཔལ་ལྡན་རྩེར་ཕེབ། ངེད་རང་ལ་བདག་ཆེན་རྡོ་རྗེ་འཆང་གི་སྐུ་སྲུང་གཉེན་ལོ་ཆེན་པོའི་ཐུགས་དམ་རྟེན་ཞལ་བཞི་ཡོངས་རྫོགས་ཀྱི་སྐུའི་མཇལ་ཁ་དང་བྱིན་རླབས་སྩལ། རྒྱལ་ནང་བར་ཆིབས་སྐྱེལ་ཞུས་ཏེ། བསྟི་གནས་སུ་ལོག །དེ་ནས་གཅུང་རིན་པོ་ཆེའི་སྐུའི་འཕྲོད་བསྟེན་དང༌། ཆོས་སྡེ་ཆེན་པོའི་དུས་དྲན་མཆོད་པ་སོགས་དང༌། དགོན་ལག་སོ་སོའི་ཆོས་གྲྭ་རྣམས་ཀྱང་བྱས།། ༈ ས་ཕག་ལོར་ཟླ་བ་དང་པོའི་ནང་དུ་བྲག་རྫོང་མའི་བསྙེན་པ་འབུམ་ཕྲག་བཅུ་དྲུག་པ་ཞིག་གྲུབ་སྐབས། གྲུབ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ཕོ་བྲང་པོ་ཏ་ལར་ཆིབས་ཁ་བསྒྱུར་ཏེ་སྡེ་སྲིད་དེ་ཉིད་ཞིང་གཞན་དུ་ཕེབ་པའི་གསང་