[A:༡༨༢]བརྟོལ་བཀའ་དྲིན་བསྐྱངས་བས་གོང་ཞབས་སུ་ཕྱག་འབུལ་ཞུ་བ་དང༌། སྡེ་སྲིད་དེ་ཉིད་ཀྱི་བསྔོ་ཞུས་འབུལ་བར་ཕྱིན་པར་མཇལ་ཁ་རྒྱས་པར་བཀའ་དྲིན་བསྐྱངས། མགྲོན་ཁང་དུ་སླེབས་ནས་སྡེ་སྲིད་ཞིང་ལ་ཕེབ་པའི་གནས་ཚུལ་གྱི་བསླབ་སྟོན་གནང་ཞིང༌། བསྔོ་ཞུས་ཀྱི་རྒྱུ་མཚན་ཞུས་པར་དེ་རིགས་བཞེས་རྩིས་མིན། བསླབ་སྟོན་གནང་བར་བཞེས་དགོས་ཚུལ་ནན་གྱིས་ཞུས་པར་ཐུགས་འདོད་མ་བྱུང་ཚེ་ཕ་གིར་མང་ཇ་སོགས་གནང་ཆོག་ཕེབ། སྟོན་མོ་གནང་སྦྱིན་ཟུར་ཆས་སོགས་བཀའ་དྲིན་ཆེ་བ་བརྩེ་སྐྱོང་གནང་ཞིང་ཕྱིར་ལོག །དགོན་པར་འབྱོར་འཕྲལ་མང་ཇ་མཆོད་ཁང་སོ་སོར་མཆོད་པ་སྙན་ཤལ་བཅས་ཕུལ། བླ་ཁག་གྲྭ་མང་རྣམས་སེར་ཚོགས་ལ་རྫོང་བདའ་བྱས། བཀྲ་ཤིས་སྒང་དུ་དྲུག་བརྒྱའི་སྲས་མོ་ཁྱིམ་འཛིན་དུ་ཡོད་པར་དགེ་བའི་ལྟས་དང་བཅས་སྲས་འཁྲུངས་པར་ཞག་ཁ་ཅིག་ནས་ཕྱིན། ཚེ་དབང་བརྒྱ་རྩ་དང༌། ཁྲུས། འདོད་ཁམས་གཙོ་མོའི་རྗེས་གནང་སོགས་བྱས། མཚན་ངག་དབང་རྒྱལ་མཚན་དུ་གསོལ། འདི་ལོ་ཁྱུང་འབུམ་དང༌། ཉག་བྲེ་གཉིས་ནས་འབུལ་སྐྱེལ་དང༌། ཁམས་ཚན་སོ་སོར་ཀྱང་འགྲུལ་པ་ཚན་ཆེ་བར་སླེབས། མཁར་ཁ་ནས་ཀུན་དགའ་མགོན་པོ་དང༌། འུ་དུ་སུ་ནས་ད་རྒན་ཆོས་རྗེའི་འབུལ་སྐྱེལ་སོགས་ཀྱང་འབྱོར། གསེར་དངུལ། ཇ། གོས་དར། རྟ། དྲེའུ། མཛོ། ཁལ་སོགས་ཀྱི་འབུལ་བ་རྒྱ་ཆེ་བར་ཕུལ། སྔ་སོར་ཐུབ་བསྟན་རྣམ་པར་རྒྱལ་བའི་ཆོས་གྲྭ་མཁན་ཆེན་ཐམས་ཅད་མཁྱེན་པར་ཆག་མེད་གསོ་བའི་བྱིན་རླབས་ཞུ་བར་ཕྱིན་སྐབས། ནཱ་ལེནྡྲར་ངོར་ལྟ་བུར་ལམ་འབྲས་རྒྱུན་དུ་གནང་དགོས་པ་ཞིག་ཡོད་འདུག་པར། བདུད་རྩི་རིལ་བུ་སྒྲུབ་པ་མ་