[A:༡༨༣]གནང་ཚེ་དམ་ཚིག་གི་རྫས་ལ་ཐབས་ཆག་པ་ཞིག་འོང་བས། ཅེས་ཀྱང་སྒྲུབ་པ་མཛོད་གསུང་བྱུང་བས་ས་ལྟར་ཕྱག་དབང་ལ་ཕྱིན་སྐབས། ཨ་རུ་ར་འཚོལ་དུ་བཏང་བས་གསེར་མདོག་བྱིས་པ་ལོ་བརྒྱད་ཀྱི་ཁུ་ཚུར་ཙམ་ལས་མི་ཆུང་བ་བརྒྱ་ཕྲག་ཟུང་ལྷག་ཙམ་རྙེད་འདུག་པས། ད་དུང་འདིའི་གྲས་མང་བ་ཞིག་འཚོལ་དགོས་ཚུལ་བྱས། ཞིབ་ཏུ་བཙལ་ཀྱང་གསེར་མདོག་དཀྱུས་མ་ལས་མ་རྙེད་འདུག་པས་སྒྲུབ་པ་དུས་བབས་ཀྱི་རྟེན་འབྲེལ་ཡིན་འདྲ་བསམ། རང་གནས་སུ་འབྱོར་སྐབས་ས་སྐྱ་ནས་རིགས་བརྒྱའི་ཁྱབ་བདག་སྔགས་འཆང་བསོད་ནམས་དབང་ཕྱུག་གིས་དམ་རྫས་ཁྲི་རྡོ་བུམ་གཟུགས་ཆེ་བ་ཞིག་དང༌། སྟོང་རྡོ་གསུམ། བརྒྱ་རྡོ། སིལ་བུ་བཅས་ཕོན་ཆེ་བ་ཞིག་བཀའ་དྲིན་བསྐྱངས་བྱུང་བར་སྒྲུབས་ཤིག་པའི་བརྡར་གོ་ནས། འགོལ་ཁྱད་ཀྱི་གཞིས་སུ་དམ་རྫས་འཕྲལ་ཏུ་སྒྲུབ་མཁོས་ཀྱི་བྱིན་ཁྱད་དུ་འཕགས་པ་དུ་མ་དང༌། དམ་ཚིག་གི་རྫས་རྣམས་སྦགས་ནས་གཟའ་ཚེས་དགེ་བར་སྒྲུབ་པ་ཚུགས་ཤིང༌། འདི་སྒྲུབ་པའི་སྐབས་འཕེལ་ཆེ་ཞིང་རིལ་བུའི་སྐབས་རྫོང་གི་བད་ཀྱི་སྟེང་དང༌། རྫིང་གི་ཆུ་འགྲམ་རྣམས་སུ་རིལ་བུ་འཐོར་བ་རྣམས་རྙེད་མི་མང་བ་ཞིག་བྱུང་འདུག་ཅིང༌། ནམ་མཁའ་ནས་འཇའ་དང་མེ་ཏོག་གི་ཆར་སོགས་བྱུང་བ་བླ་མ་དང་ཡི་དམ་གྱིས་བྱིན་རླབས་དངོས་སུ་སྩལ་བར་འདུག་སྙམ། གཟིམས་ཁང་འོག་གྲྭ་ཚང་གི་སྔ་སོར་ནས་བཤད་གྲྭ་ཡིན་འདུག་ཀྱང་གཏན་ཆགས་ཀྱི་གྲྭ་རྒྱུན་ཉུང་ཞིང༌། བཤད་གྲྭའི་སློབ་གཉེར་དམར་བ་རང་མི་འདུག་པས་བླ་མ་གྲྭ་རིགས་ཚང་མར། མང་ཇ་ཁ་ཤས། ཇ་འགྱེད། ཚན་གྲངས་ཀྱི་