R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༨༤
[A:༡༨༤]འབུལ་བ་དང་རྣམ་གཞག་སོགས་ཕུལ་ཐོག །ལོ་སུམ་ཅུ་མན་གྱི་གྲྭ་རིགས་རྣམས་ཀྱིས་མིང་བཏགས་རེ་མ་བྱུང་བར་མདོ་ལུགས་ཀྱི་ཐུགས་གཉེར་ལ་བརྩོན་པ་ལས་ཕྱིར་ལོག་མི་ཆོག་པའི་བཅའ་སྒྲིག་ཁུར་བླངས་ཀྱིས་བཟོས་ཀྱང་ལོ་ལྔ་དྲུག་ཙམ་ལས་ཕུགས་འཁྱོལ་བ་རང་ནི་བྱུང་མ་སོང༌། གཟིམས་ཁང་འོག་གྲྭ་ཚང་གི་ཆོས་གཞིས་གྲྭབས་སྟག་རྩེ་ནས་བཞེས་གྲབས་གནང་སྐབས། ངེད་རང་ནས་གསོལ་དཔོན་ཞིབ་ཞུས་འབུལ་བར་རྫོང་བདའ་བྱས་ཤིང༌། གྲྭ་ཚང་ནས་ཆོས་སྐྱོང་ཆེན་པོའི་ཕྱག་མདུང་ཞིག་ཁྱེར་ནས་བླ་མ་ལས་ཚན་རྣམས་ཞུ་བར་བརྫངས་པས་སྲུང་མའི་འཚུབས་ཤིག་ཀྱང་བྱུང་འདུག་པ་དང༌། ཞུ་རྩའང་ཕེབ་པ་བཅས་ཕྱིར་སློག་གཏན་ཚིགས་བཅས་བཀའ་དྲིན་བསྐྱངས་སོང༌། འགྲུལ་པ་ཉམས་ལ་པཎྜི་ཏ་ལྷའི་རྒྱལ་མཚན་དང༌། ཆ་དཀར་བླ་མ་ཨུ་པ་ཤི །དགེ་སློང་རྣམས་ཀྱི་བསྐུར་མ་ཆེ་བ་འདུག་པ་སྤྲད། ངེད་རང་ནས་ལམ་འབྲས་བུ་དང་བཅས་པའི་གདམས་པ། དབང༌། ཁྲིད། ལུང༌། བྱིན་རླབས་དང་བཅས་པ་དང༌། འཇིགས་བྱེད། གཤེད་དམར་སོགས་འདོད་ཆོས་མང་བར་བྱས། དུས་དྲན་མཆོད་པ་སོགས་ལུགས་གཉིས་འཕྲལ་སེལ་སྔར་རྒྱུན་ལྟར། ༈ ལྕགས་བྱི་ལོར་གུ་རུ་དཀོན་མཆོག་སྤྱི་འདུས་ཞི་དྲག་སེང་གདོང་མ་དང་བཅས་པའི་བསྙེན་པ་མཇུག་ཏུ་ཚོགས་བརྒྱ་བཅས་གང་རྒྱས་བྱས་པར་གཏོར་མ་མི་རྙིང་པ་དང༌། རྨི་ལམ་དུ་ལྟས་བཟང་བ་བྱུང༌། ཆོས་སྡེ་ཆེན་པོའི་བླ་ཁག་ལས་ཚན་དང་བཅས་པ་གྲོས་བྱས། གདན་ས་ཆེན་པོ་རྩེ་གདོང་དུ་འཇམ་དབྱངས་བསོད་ནམས་བསྟན་འཛིན་དབང་པོ་གདན་འདྲེན་ལ་ལས་ཚན་གཉིས་རྫོང་བདའ་བྱས་པར། ཡབ་བདག་ཆེན་