[A:༡༨༦]ཆེ་གཙང་དུ་ཕེབ་པར་ཆིབས་སྐྱེལ་ཕེབ་སྐྱེལ་རྒྱས་པར་ཞུས་ཤིང༌། སྒོམ་ཁང་སོགས་ལ་ཕྱོགས་འགྲོ་སོགས་སྔར་རྒྱུན་ལྟར་བྱས། ༈ ལྕགས་གླང་གསར་འཕྲལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་པ་བཞི་འབུམ་དང༌། ཚེ་སྒྲུབ་ཀྱང་བྱས། གསུམ་པའི་ནང་དུ་དབང་ཁང་འཆི་མེད་ཕོ་བྲང་གི་མདོ་སྦུགས་རྒྱག་པའི་ལས་གྲྭ་ཚུགས་པར། མཆེད་ཟླ་མགོན་པོ་རབ་བརྟན་གྱིས་ངེད་ཀྱི་ངག་བཀོད་ལྟར་ཁུར་བཞེས་གནང་ཞིང༌། ཤིང་བཟོ་བ་སྒུང་པོ་ཆེ་བ་བཅས་གསུམ། རྡོ་བཟོ་ཚེས་བཅུ། ཞྭ་མཁན་ཚེ་རིང་དོན་འགྲུབ། འུ་ལག་བཞི་བཅུ་སྐོར་གྱིས་ཟླ་བ་བཞིའི་རིང་སྒྲུབ་པར། བཟོ་བོ་རྣམས་ལ་ཕོག་ཡོན་གང་གཟབས་ཀྱིས་མགུ་བར་བྱས་ཤིང༌། འུ་ལག་རྣམས་ཀྱང་སྡོད་རིང་ཇ་ཐུག་རྒྱུན་གཏོང་ངོས། བླ་ཁག །ཁམས་ཚན་སོ་སོར་སྟོན་མོ། །ངེད་རང་ལ་ལེགས་འབུལ། བཟོ་བོ་རྣམས་ལ་སྟེར་ཆ་སོགས་ཡང་དག་བྱུང་ཞིང༌། གྲུབ་ཉིན་དགའ་སྟོན་དུ་ངེད་རང་ནས་འུ་ལག་མི་རེར་ཇ་ཉག་ལྔ་རེ་དང༌། བཀྲ་ཤིས་ཁ་བཏགས་རེ་བྱིན་ཏེ་དགེ་བ་རྫོགས་བྱང་དུ་བསྔོས། ཨ་མ་ལགས་སྐུ་ལྟེམ་པས་དབྱར་ཆོས་འཁྱུག་ཙམ་བྱས་ནས། སྐུ་རིམ་དུ་ཚེ་ཆོག་དང༌། ཀུན་རིག་སྟོང་རྩ། ཆོས་སྐྱོང་རྣམས་ལ་བསྐང་བ་བརྒྱ་རྩ། ཚེ་གཟུངས། སྒྲོལ་མ། ཤེར་སྙིང་སོགས་མང་བར་བསྒྲུབ་ཤིང༌། ངེད་རང་ནས་རྗེས་གནང་གི་རིགས་མང་བའང་བྱས། གོང་གསལ་སྐུ་རིམ་པ་རྣམས་ལ་ཡོན་དང་ཞབས་ཏོག་སྨིན་རྒྱས་ཞུས། སྒོམ་ཁང་སོགས་ལ་ཕྱོགས་འགྲོ། མཆོད་པ། ཆོས་ར་སོགས་སྔར་རྒྱུན་བཞིན་བྱས། གོང་ས་ཆེན་པོའི་སྐུ་ཞབས་སུ་མཇལ་ཁ་ཞུ་བར་ཕྱིན་པར་