R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༨༥
[A:༡༨༥]རིན་པོ་ཆེ་དང་ལྷན་དུ་ཆིབས་ཁ་བསྒྱུར་བར་རྒྱལ་ནང་དུ་ཐབ་བསུ་དང༌། ངེད་དཔོན་སློབ་བཞི་བཅུ་སྐོར་གྱིས་ཆིབས་བསུ་དང༌། དགེ་འདུན་སུམ་བརྒྱ་སྐོར་གྱིས་རོལ་མོའི་བྱེ་བྲག་ཅི་རིགས། གདུགས་དང༌། རྒྱལ་མཚན། བ་དན་སོགས་མཆོད་རྫས་སྣ་ཚོགས་ཐོགས་ཏེ་སེར་ཕྲེང་གིས་བསུ་བ་དང༌། བསང༌། དར་འཕྱར། བཀྲ་ཤིས་ཁྲ་རིགས་སོགས་གང་རྒྱས་བཅས་སྤྱན་འདྲེན་ཞུས། གཟིམས་ཁང་ནས་གཞི་ལེན་དང༌། ཞག་གསུམ་ནས་བཅོ་བརྒྱད་དུ་གདན་འདྲེན་ཞུས། གཞི་ལེན་གང་རྒྱས་ཞུས་ཤིང༌། གཅུང་སྐུ་ལྟེམ་པར་ཚེ་དབང་དང༌། རྟ་མགྲིན་གྱི་རྗེས་གནང་ཞུས། བདག་ཆེན་རིན་པོ་ཆེར་ཆིབས་པ་སོགས་དགུ་ཚན་དང༌། གདུང་བརྒྱུད་རིན་པོ་ཆེར་ཕྱི་ཉིན་ཚོགས་སུ་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོའི་བཞུགས་ཁྲིར་སྤྱན་འདྲེན་ཞུས། དགུ་ཚན་ལྔ་ཙམ་གྱི་ཁྲི་འབུལ་བྱས། རྩེ་གདོང་ནས་ཀྱང་མང་ཇ་བྱིན་རྟེན་གྱི་འགྱེད། ངེད་རང་ལ་ཚོགས་དབུར་གནང་སྦྱིན་རྒྱ་ཆེ་བ་སྩལ། ཡབ་སྲས་ལྷན་དུ་ཕོ་བྲང་ཆེན་པོར་མཇལ་ཁ་ཞུ་བར་ཕེབ་ཅིང༌། གདུང་བརྒྱུད་རིན་པོ་ཆེ་ཚུར་ཕེབ་ནས་རྒྱང་ཙམ་བཞུགས། ཚོགས་ཆེན་དུ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་སོགས་འདོད་ཆོས་མང་དུ་བཀའ་དྲིན་བསྐྱངས་བ་ཞུས། ངེད་རང་ནས་ཀྱང་ཕྱོགས་འདུས་བཅས་མང་བར་མཁའ་འགྲོ་རྒྱ་མཚོ། བདེ་མཆོག །གསང་འདུས། འཇིགས་བྱེད། གཤེད་དམར་སོགས་ཀྱི་དབང་ཁ་ཤས་དང༌། སྒྲུབ་ཐབས་རྒྱ་མཚོ་དང༌། རྗེས་གནང་ཟུར་བཀའི་རིགས་མང་བར་ལུང་བཅས་ཅི་རིགས་བྱས་ཤིང༌། གདུང་བརྒྱུད་རིན་པོ་