R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༨༧
[A:༡༨༧]ཞལ་མཇལ། ཕྱག་དབང༌། གནང་སྦྱིན་སོགས་རྒྱ་ཆེར་བར་བཀའ་དྲིན་བསྐྱངས། ༈ ཆུ་སྟག་ལོར་གཅུང་རིན་པོ་ཆེ་དང༌། ཡུམ་སྲས་གཉིས་ཀ་སྐུ་ཁམས་ལྟེམ་པར་སྐུ་རིམ་དང་འཕྲོད་བསྟེན་གྱི་རིགས་ལ་བརྩོན་པར་བྱས་ཀྱང༌། ཨ་མ་ལགས་ཐུགས་དམ་ཀྱི་སྟབས་ལྟས་ལེགས་པ་དང་བཅས་ཏེ་ཞིང་གཞན་དུ་གཤེགས་པས་སེམས་ངལ་བར་གྱུར། གཤེགས་རྫོང་ལ་ངེད་མཆེད་ཀྱིས་དགུང་ཞག་པ་ཉི་ཤུ་སྐོར་གྱིས་ཀུན་རིག །མདོ་བརྒྱ་འདོན་མི། ཞག་གསུམ་ཐོག་ཚོགས་མང་གིས་ཆོ་ག །ངེད་རང་ནས་བྱང་བུ་སྨིན་རྒྱས། གོང་ས་ཆེན་པོར་བསྔོ་ཞུས་དཔངས་མཐོ་བ། ས་སྐྱ་རྩེ་གདོང་གི་དབུས་རྒྱལ་རྩེ་ཞབས་དྲུང༌། འབྲི་གུང༌། སྟག་ལུང་གི་ཞབས་དྲུང་ཁག་སོགས་བླ་མ་ཆེ་ཁག་རྣམས་ལ་བྱང་ཞུས། དབུས་གཙང་གི་ ས་ལུགས་དགོན་ཆེ་ཁག་རྣམས་སུ་མང་ཇ། བླ་མ་རྣམས་ལ་བསྔོ་རྟེན། རྟེན་གསུམ་ལ་མཆོད་པ་སོགས་རྒྱ་ཆེར་བསྒྲུབས་ཤིང༌། ཆོ་ག་དངོས་གཞིར་ཚོགས་ཆེན་གྱི་ཐོག་དགོན་ལག་རྣམས་བསྡུས་ཏེ་ཞག་གསུམ་གྱི་རིང་ཀུན་རིག་གི་སྒྲུབ་མཆོད་ལ་ཞབས་ཏོག་དང་ཡོན་ཤིན་ཏུ་རྒྱས་ཞིང་དངོས་གཙང་བར་ཕུལ། བདུན་ཚིགས་རྣམས་སུ་དགའ་ལྡན་ཆོས་འཁོར་ལྷ་ཁང་གཉིས་ཀྱི་གཙོས་འཕེན་ཡུལ་ཁུལ་སྟོད་སྨད་ཀྱི་དགོན་པ་རྣམས་དང༌། སྒོམ་ཁང༌། ས་སྦུག །རི་སྡིངས་བཅས་ངེད་རང་གི་དགོན་ལག་སོགས་རིམ་གྱིས་བོས་ཏེ་བསྙེན་བཀུར་ཕུན་སུམ་ཚོགས་པར་ཞུས། དགུང་ཞག་གི་རིང་ཉིན་རེ་བཞིན་ངེད་རང་གི་ཆོ་ག །ལྷོ་སྒོ། བྱང་བུར་བདུན་ཚིགས་རེར་དབང་བསྐུར། བྱང་བུ་སྨིན་རྒྱས་བྱས་ཤིང༌། ཞེ་དགུ་ཐོན་ཉིན་ཆོ་ག་པ་མང་བ་དང༌། རྒྱུན་བཞུགས་རྣམས་ལ་ཡོན་ཤིན་ཏུ་རྒྱས་པར་ཕུལ།