[A:༡༨༨] ཟླ་རེ་བཞིན་དུས་དྲན་མཆོད་པ་མང་བ་དང༌། བྱང་བུ་མཆོད་འབུལ་སོགས་གང་རྒྱས་ཞུས། ལོ་མཆོད་ལ་ཚོགས་ཆེན་གྱི་ཆོ་ག་དང༌། བྱང་བུ་སོགས་དགེ་བའི་རྩ་བ་ཇི་སྙིད་ལོ་གཅིག་གི་བར་དུ་བསྒྲུབས་པ་རྣམས་ཡུམ་དེ་ཉིད་ཀྱིས་གཙོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པས་དགེ་བ་རྫོགས་བྱང་དུ་བསྔོས། ས་སྐྱོང་ཕྲིན་ལས་རྒྱ་མཚོའི་ཁྲི་འབུལ་དུ་ཕྱིན་པར་མཇལ་ཁ་ལེགས་འབུལ་གྲྭ་འགྲིགས་པ་བྱུང་ཞིང༌། དེ་སྐབས་གོང་ས་ཆེན་པོ་ནས་ལམ་ཟབ་ཀྱི་ཡིག་ཆ་མཐོ་རིས་དབང་གི་ཆུ་རྒྱུན་ལྗགས་རྩོམ་གནང་བའི་ལྗགས་ལུང་བཀའ་དྲིན་བསྐྱངས་ཤིང༌། ཅུང་ཞིག་ཁམས་མ་བདེ་བ་ཡོད་ཚུལ་ཞུས་པས་སྐུ་མདུན་དུ་ཤོག་གསུང་བཀའ་བསྒོ་རྒྱས་པར་སྩལ། བླ་མ་སངས་རྒྱས་དངོས་ཡིན་སྙམ་པའི་སྙིང་ནས་དད་པ་ཐོབ། སྤང་བླང་གི་བསླབ་སྟོན་དང༌། ཡས་ཕྱིན་གྱི་གནང་ཆ། སྟོན་མོ་སོགས་གཞན་དང་མི་འདྲ་བར་བཀའ་དྲིན་བསྐྱངས་ཤིང༌། དགོན་གནས་སུ་ལོག །འགྲུལ་པ་ཁག་དང་གྲྭ་རིགས་སོ་སོར་འདོད་ཆོས་མང་བ་དང༌། སྔར་རྒྱུན་གྱི་བྲེལ་བ་རྣམས་བསྒྲུབས། འུ་དུ་སུ་ནས་ད་རྒན་ཆོས་རྗེས་རོགས་ཤིག་གཏོང་དགོས་ཚུལ་བྱུང་བ་བཞིན་གཞུང་ས་ཆེན་པོར་སྙན་འབུལ་ཞུས་པར། གཞན་མ་སོག་ཡུལ་དུ་འགྲོ་ས་མེད་པ་དེ་བཞིན་ཡིན་ཀྱང༌། ཆོས་རྗེ་རང་གཞན་དང་མ་འདྲ་ཞིང་བཅོ་བརྒྱད་རང་གི་འབུལ་སྡུད་པ་སྔར་སྲོལ་བཞིན་བྱས་ཆོག་གི་བསླབ་སྟོན་དང་བཀའ་ཤོག་ཤིན་ཏུ་བཙན་པ་བཀའ་དྲིན་བསྐྱངས་བྱུང་བ་ནས། བླ་མ་ཀུན་དགའ་རིན་ཆེན་དང༌། བསོད་ནམས་བསྟན་འཛིན་གཉིས་རྫོང་བདའ་བྱས་པར་རྟ་ཁལ་ཆ་ལག་སོགས་སྒྲིག་བཀོད་མཆེད་ཟླས་བྱས་ཏེ་མི་སྣ་དང་ལྷན་དུ་རྫོང་བདའ་བྱས། ཟླ་བ་བཅུ་གཉིས་པར་ལམ་འབྲས་བུ་དང་