[A:༡༩༠]མཇུག་གང་ཅིའི་ཞལ་ཏ་ཧྲུག་ཙམ་མཛད། ཕྱག་ན་རྡོ་རྗེའི་རིམ་གཉིས་ཀྱི་རྣམ་འབྱོར་གཡེལ་བ་མེད་པ་ཞིག་གནང་གིན་ཡོད་གཤིས། ཡིད་དམ་གྱི་ལྷས་ཞལ་གཟིགས་ཏེ་ཞིང་ཁམས་གཞན་དུ་གཤེགས་པའི་ལུང་བསྟན་དང༌། དཔལ་ལྡན་ལྷ་མོར་ཀྱང་ངེད་ཀྱི་རྗེས་འཇུག་རྣམས་ལ་ཕྲིན་ལས་སྒྲུབ་དགོས་ཚུལ་གྱི་བཀའ་བསྒོ་མཛད། ཕྱག་གཡས་སྡིགས་མཛུབ་དང༌། གཡོན་མཉམ་གཞག་མཛད། སྤྱན་བར་སྣང་ལ་གཟིགས་ཏེ་ལོག་འདྲེན་ཟིལ་གནོན་གྱི་ངང་ནས་གཟུགས་སྐུ་རྡོ་རྗེ་འཛིན་པའི་ཐུགས་ཀར་ཐིམ། ཞག་ལྔ་ཙམ་གྱི་བར་སྐུ་དྲང་པོར་སྔར་བཞིན་དང་བཅས་ཐུགས་དམ་དུ་བཞུགས་པ་ཉི་ཕྱེད་ཡོལ་ནས་ཤངས་ནས་བྱང་ཆུབ་ཀྱི་སེམས་བབས་ཏེ་ཏིང་ངེ་འཛིན་ལས་གྲོལ། སྐུ་གདུང་རིན་པོ་ཆེར་ཆས་བཞུག་ཕུལ་ཏེ། མེ་ཏོག །སྤོས། མར་མེ། ཞས་ཟས་སོགས་བརྒྱ་ཕྲག་དང༌། འཕན། རྒྱལ་མཚན་སོགས་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ། ཞག་བཅོ་ལྔ་ཙམ་གྱི་གསང་ཁོག་ཏུ་སྐུ་རིམ་གྱི་ཚུལ་གྱིས་ངེད་སྐུ་མཆེད་ཀྱིས་དགོངས་རྫོགས་གང་འགྲུབ་དང༌། གོང་ས་ཆེན་པོར་སྐྱབས་འཇུག་གི་ལྗགས་བསྔོ་རྟེན་འབུལ་མི་བཏང༌། གསང་གྲོལ་ནས་ཚོགས་ཆེན་དུ་གྲྭ་པ་སུམ་བརྒྱ་ཙམ་བླ་ཁག་བཅས་སྤྱན་དྲངས་ཏེ་ཀུན་རིག་གི་ཆོ་ག་ཉིན་གང་མར་ཞབས་ཏོག་འབུལ་བ་གང་གཟབས་ཞུས། དགུང་ཞག་པ་ཉི་ཤུས་ཀུན་རིག །མདོ་བརྒྱ་པ་གཉིས། ཞག་བདུན་གྱི་རིང་ངེད་དཔོན་སློབ་བཅོ་ལྔ་སྐོར་གྱིས་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དང་བླ་མ་མཆོད་པ་ཕུལ། བདུན་ཕྲག་རེར་དགའ་ལྡན་ཆོས་འཁོར་དང་ལྷ་ཁང་སོགས་འཕེན་ཡུལ་གྱི་དགོན་ཆེ་ཕྲ་རྣམས་སྤྱན་དྲངས་ཏེ་བསྙེན་བཀུར་འབུལ་བ་རྒྱ་ཆེ་བར་བསྒྲུབས།