[A:༡༩༡] སྐུ་གདུང་རིན་པོ་ཆེར་འབུལ་དཔོན་བླ་མ་བསོད་ནམས་དཔོན་སློབ་ཀྱིས་ཀུན་རིག་ལ་བརྟེན་པའི་སྲེག་མཆོད་ཕུལ་བར། ནམ་མཁའ་ལས་འཇའ་སྤྲིན་དང་མེ་ཏོག་གི་ཆར་སོགས་སུམ་རྩེན་པ་རྣམས་ཀྱིས་མཆོད་པ་རྒྱ་ཆེ་བར་ཕུལ་ཞིང་ངོ་མཚར་བའི་ལྟས་མང་བར་བྱུང༌། ཞག་ཤས་ནས་ངེད་རང་ཕོ་བྲང་ཆེན་པོ་རི་བོ་གྲུ་འཛིན་དུ་གོང་ས་ཡས་ཕྱིན་གྱི་མཇལ་ཁ་དང་མཆོད་འབུལ་ཞུ་བར་ཕྱིན་ཞིང༌། མཆོད་འབུལ་རྟེན་དུ་སྐུ་གསུང་ཐུགས་རྟེན། གསེར་གྱི་མཎྜལ། རོལ་མོ། མཁར་རྔ། ཇ། གོས་དར། རྟ་ཁྲབ་སོགས་ཕུལ། ས་ལམ་གྱི་བར་ཆད་ཞི་ཐབས་ལྗགས་བསྔོ་བཀའ་དྲིན་བསྐྱངས། ཐོན་ཕྱག་ཞུ་ཉིན་རྡོ་རྗེ་ཕྲེང་བ་དང༌། མཁའ་འགྲོ་རྒྱ་མཚོ། ལོ་ནག་དྲིལ་གསུམ་སོགས་དེང་སང་ཡིག་ཆ་གང་གི་སྟེང་ནས་བྱེད་དང༌། ཕྱག་ལེན་གྱི་སྐོར། བླ་མ་བརྒྱུད་པ་སོགས་ཀྱི་བཀའ་འདྲི་གནང་བར་སོ་སོའི་ཞུ་ལེན་ཕུལ་བས་ཤིན་ཏུ་དགེས་པ་དང་གནང་སྦྱིན་བཅས་སྩལ་ཏེ། འདམ་བུ་བྱིན་གྱི་ཆོས་གྲྭ་འབྱོར། མཆོད་འབུལ་གྱི་ཆོ་གར་ཚོགས་ཆེན་བླ་ཁག །ལྷ་ཁང་རྒྱལ་སྨད། སྒོམ་ཁང༌། ས་སྦུག །རི་སྡིང་ས་སོགས་དགོན་ལག་རྣམས་བོས་ཏེ་ཉིན་གསུམ་གྱི་རིང་ཀུན་རིག་བཅས་སྒྲུབ་མཆོད་ལ་ཞབས་ཏོག་འབུལ་བ་རྒྱ་ཆེན་པོས་སོ་སོར་མཉེས་པར་བྱས་ཤིང༌། ས་སྐྱ་རྩེ་གདོང༌། འབྲི་སྟག་ཁག་སོགས་ཆེ་ཁ་རྣམས་སུ་མཆོད་འབུལ་རྟེན་འབུལ་བ་དང༌། ས་ལུགས་ཀྱི་དགོན་པ་རྣམས་སུ་མང་ཇའི་ཐོག་བླ་མ་སོ་སོར་མཆོད་འབུལ་རྟེན་འབུལ་བར་རྫོང་བདའ་བྱས། དགུང་ཞག་གྲོལ་ཉིན་བླ་ཁག་དང་ཚོགས་ཆེན་གྱིས་ཀུན་རིག་གི་ཆོ་ག་གནང་བར་བསྙེན་བཀུར་རྒྱ་ཆེ་བ་དང༌། དགུང་ཞག་པ་རྣམས་ལ་ཇ། དར་རས་སོགས་དཔངས་མཐོ་