[A:༡༩༢]བས་མཉེས་པར་བྱས་ཤིང༌། འདི་སྐབས་རྨི་ལམ་དུ་གོང་མ་མཁྱེན་རབ་བསྟན་འཛིན་བཟང་པོ་བཞུགས་ཁྲིའི་སྟེང་ན་ན་བཟའ་གཟབས་སྤྲོད་ཀྱིས་བཞུགས་ནས་དགྱེས་པའི་བསླབ་སྟོན་གནང་བ་ཞིག་བྱུང་བས། དེ་ནས་བཟུང་སྡུག་བསྔལ་གྱིས་བློ་མ་བདེ་བས་ཀར་རེ་བསྡད་པ་དེ་མེད་པར་གྱུར། འབུལ་སྐྱེལ་དང་འགྲུལ་པ་མང་བར་སོ་སོའི་འདོད་ཆོས་ཅི་རིགས་དང༌། འཕྲལ་སེལ་རྣམས་བསྒྲུབས། དགོངས་རྫོགས་ཀྱི་རྟེན་བཞེངས་སུ་ཨེ་ནས་ལྷ་བཟོ་བ་ལྔ། གོང་དཀར་བ་གཅིག་བཅས་དྲུག་གིས་ལམ་འབྲས་བླ་བརྒྱུད་གཙོ་བོར་རྡོ་རྗེ་འཆང༌། དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་དཔལ་བཟང་པོའི་སྐུ་བརྙན་ཐོག་ཚད་ཙམ་དང༌། རྡོ་རྗེ་འཆང་ནས་གཅུང་རིན་པོ་ཆེ་དེ་ཉིད་ཀྱི་བར་སྐུ་བརྙན་བཞི་བཅུ་ཞེ་ལྔ་ལོ་བཅུ་གཉིས་པའི་ཚད། རྒྱ་བོད་ཀྱི་ས་སྣ། རྡོ་སྣ། ཆུ་སྣ། ཤིང་སྣ། མེ་ཏོག །བྱེ་མ་བཅས་ཁྱད་དུ་འཕགས་པ་རྣམས་ནས་བསྡུས་པ་དང༌། བྱིན་རྟེན་ཕོན་ཆེ་བ། གསེར་དངུལ་སོགས་རིན་པོ་ཆེའི་རིགས་དང་བསེས་ཏེ་དར་འདམ་ལས་བཞེངས་པར་བྱོན་ཤིན་ཏུ་གཙང་ཞིང༌། ཁྱད་པར་རྗེ་དབོན་གོང་མའི་སྐུ་དེ་ཉིད་ལྟར་གཟི་བརྗིད་དང་ལྡན་པ་རང་བྱོན་ལྟ་བུར་གྱུར་ཅིང༌། སྐུ་རྣམས་ལ་གསེར་བཏུལ་མ་ཞོ་ཉིས་བརྒྱ་དང་དྲུག་ཅུ་ལྷག་ཙམ་ལྗིབ་གསོལ་དུ་བྱས་པའི་ནང་གཞུག་ཏུ་གོང་མ་ཆོས་ཀྱི་རྒྱལ་པོའི་རིང་བསྲེལ་གསུམ་རེ། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་དབུ་ལོ། །ཞབས་སེན། ན་བཟའ། གདུང་རུས། སྤུར་ཞུན། སྤུར་ཐལ། སྐུ་མཚལ། དམ་རྫས། སྨན་སྒྲུབ། སྐྱེ་བདུན་རིལ་ནག །འཇའ་ཚུགས་རིལ་བུ་སོགས་བྱིན་རྟེན་ཤིན་ཏུ་མང་བ་དང༌། གཅུང་རིན་པོ་ཆེ་ཉིད་ཀྱི་གདུང་ཚཱ་སྐུ་རེར་བརྒྱ་ཕྲག་རེ། ཞྭ་ལུ་ལོ་ཙཱ་བས་