[A:༡༩༣]ཞུས་དག་མཛད་པའི་གཟུངས་བླ་མ་བརྒྱུད་པ་དང༌། རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་ཀྱི་གཟུངས་སྔགས་སྲོག་ཤིང་དང༌། སྐུ་གསུང་ཐུགས་སྐྱེ་མཆེད་རྣམས་ཀྱི་བྱིན་རླབས་དང་བཅས་པ་ཆ་ཚང་རེ་ས་སྐྱ་ནས་ཆེད་གཏད་ཀྱིས་ཞུས་ཏེ་ཕུལ། ལྷ་མཐོང་ལོ་ཙཱ་བས་ཞུས་དག་མཛད་པའི་གཟུངས་ཡོངས་རྫོགས་ཚར་རེ་དང༌། འདི་ཁའི་གཟུངས་སྤར་སོགས་ཕོན་ཆེ་བ། རིང་བསྲེལ་རྣམ་པ་བཞི། དབུ་གཟུངས། ཞབས་གཟུངས། བར་གཟུངས། པད་གཟུངས་ཀྱི་བར་མ་འཁྲུགས་པར་ཕུལ་ཞིང༌། གནོད་སྦྱིན་འཁོར་ལོ་ངོར་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་ཕྱག་ལེན་ལྟར་བསྒྲུབས་པས་བང་མཛོད་དུ་རིན་པོ་ཆེའི་རིགས་མང་བ། འབྲུ་སྣ། དར་སྣ། སྨན་སྣ་སོགས་རྫས་རྣམས་མ་ཚང་བ་མེད་ཅིང་ཞབས་བསྡེབས་ཏེ་བྱིན་རླབས་ཀྱི་ཕུང་པོ་ལྟར་གྲུབ་འཕྲལ། རེས་གཟའ་ལྷའི་བླ་མ་དང༌། རྒྱུ་སྐར་རྒྱལ་འཛོམ་པར་འཆི་མེད་གྲུབ་པའི་འགྲུབ་སྦྱོར་བཟང་པོའི་ཚེས་བརྒྱད་ཀྱི་ཉིན་དགྱེས་མཛད་རྡོ་རྗེའི་སྒོ་ནས་ངེད་རང་དཔོན་སློབ་ཉི་ཤུ་སྐོར་གྱིས་སྟ་གོན་དང་བཅས་ཞག་ལྔའི་རིང་རབ་གནས་རྒྱས་པ་དང༌། མཆེད་ཟླ་མགོན་པོ་རབ་བརྟན་ལ་ཡོན་བདག་བསྒོ་བ་བཅས་ཤིས་བརྗོད་ཀྱི་མེ་ཏོག་གཏོར་ཏེ་མཆོད་ཡུལ་རྣམས་ཟག་མེད་ཀྱི་ཐུགས་དགོངས་རྫོགས་པའི་ཕྱིར་ཟབ་པ་ཆོས་ཀྱི་དབྱིངས་དང༌། རྒྱ་ཆེ་བ་སེམས་ཅན་གྱི་དོན་དུ་བསྔོ་སྨོན་གྱི་རྒྱས་འདེབས་སྨིན་རྒྱས་བྱས། ལྷ་བཟོ་རྣམས་ལ་གསེར་དངུལ། དཀར་ཡོལ། དར་རས། ཇ། རྟ། རྒྱུ་ཕོན་ཆེ་བ་བཅས་རྫོང་བདའ་བྱས། ཕྱོགས་འདུས་དང༌། འདི་ཁའི་འབུལ་དཔོན་བླ་མ་ཁག་རྣམས་ཀྱིས་བསྐུལ་བའི་ངོར་ཚོགས་ཆེན་དུ་དབང་རྡོ་རྗེ་ཕྲེང་བ་དང༌། ཕྲེང་བ་སྐོར་གསུམ་གྱི་ལུང༌། དབང༌། རྗེས་གནང༌། ལུང༌། བྱིན་རླབས་སོགས་