R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༩༤
[A:༡༩༤]སོ་སོའི་ཐུགས་འདོད་ལྟར་བྱས། སྒོམ་ཁང་དུ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང༌། ས་སྦུག་ཏུ་སྤྱོད་ཁྲིད་སོགས་ལ་ཞག་ཤས་རེ་བྱས། རྒྱུན་གྱི་དབང་པོར་རབ་བྱུང་བསྙེན་རྫོགས་མང་བ། དུས་དྲན་མཆོད་པ་སོགས་སྔར་རྒྱུན་ལྟར་བསྒྲུབས། ༈ ཤིང་སྦྲུལ་ལོར་གོང་ས་ཆེན་པོ་ནས་གོང་དཀར་བ་མཁས་པའི་དབང་པོ་དགེ་སློང་ཕྲིན་ལས་བཀའ་ཐམ་བསླབ་སྟོན་བཅས་རྫོང་བདའ་བཀའ་དྲིན་བསྐྱངས་ནས། ཆོས་སྡེར་རྒྱུན་དཀོན་གཤིས་སྒྲུབ་ཐབས་རྒྱ་མཚོ་དང༌། བརྒྱ་རྩ། རྒྱ་གཞུང་སོ་སོ། །བོད་གཞུང་གཉིས་ཀྱི་ལུང་དང་བཅས་པ། གདུགས་དཀར། རྣམ་འཇོམས་དཀར་པོ་བིར་ལུགས། ཐིག་ལེ་བཅུ་དྲུག་གི་བྱིན་རླབས་སོགས་བསླབ་སྟོན་དང་ཐུགས་བཞེད་ཁ་ཤས་འདུག་པ་རྣམས་བཀའ་དང་བསྟུན་ནས་ཞུས། གཞིས་ནས་ཚ་མོ་ཆེ་བ་བཙུན་མ་བྱེད་གསུང་བར་མིང་མཁྱེན་རབ་བསོད་ནམས་བཟང་མོར་བཏགས་ཏེ་རིན་སྡིངས་སུ་བཞག །ངེད་རང་ཆུང་ངུའི་སྐབས་གོང་མ་ཁུ་དབོན་གྱི་ཞལ་འཕྲོས་ལ་ཀ་དྲུག་ཐད་འདིར་དགེ་འདུན་གྱི་ཚོགས་ཁང་སྦུག་ཏུ་དུས་གསུམ་སངས་རྒྱས་ཀྱི་སྐུ་བཞུགས་པ་ཞིག་བྱུང་ན་ཞེས་གསུང་འདུག་པ་སེམས་སུ་གཅགས་པ་དང༌། གོང་ས་ཆེན་པོ་ཡས་ཕྱིན་མཇལ་ཁར་ཕྱིན་སྐབས་ཆོས་གཞིས་རྣམས་ལ་ཕྱི་ཁྲལ་གྱི་དགོངས་པ་ཞུ་རྩིས་བྱས། ཞུ་རྟེན་དུ་ས་སྐྱ་གོང་མ་གསུམ་གྱི་ན་བཟའ་དང༌། བུ་སྟོན་ཐམས་ཅད་མཁྱེན་པའི་སྐུ་ཆོས་གང་རིགས་གཅིག་བཞེས་ནས་ཆོས་གཞིས་རྣམས་ལ་ཕྱི་ཁྲལ་གྱི་ཆག་ཆ་བཀའ་དྲིན་དགོས་ཚུལ་ཞུས་པར། བཅོ་བརྒྱད་གལ་ཆེ་བ་གཞན་དང་མི་འདྲ་ཚུལ་བཅས་བཀའ་ཤོག་རིན་པོ་ཆེས་བཀའ་དྲིན་བསྐྱངས་བ་གནང་བྱུང་བའི་བྱིན་རྟེན་རྣམས་སྤྱན་འབེབས་ཞུས་པར་འདི་རིགས་