R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༩༥
[A:༡༩༥]གཞུང་དུ་མང་ཙམ་འདུག་ཅིང༌། དེ་ཁར་མཁོ་ཆེ་ཞིང་འགངས་ཆེ་བ་ཡིན་འདུག་པས་ཕྱི་འཁྱར་མེད་པར་མཛོད་ཅེས་བསླབ་སྟོན་གནང་བར་རྟེན། ཚོགས་ཁང་ཀ་བ་བཅུ་དྲུག །ཀ་ཕུང་ཀ་བ་གཉིས་བཅས་བཅོ་བརྒྱད་ཀྱིས་གསར་དུ་བཞེངས་རྩིས་བྱས་པར་གང་ཅིའི་བཀོད་པ་གྲྭ་སྒྲིག་མཆེད་ཟླ་མགོན་པོ་རབ་བརྟན་གྱིས་མཛད་ཅིང༌། འདི་ལོའི་ཨར་སྤོ་ནས་བཟུང་རྟེན་བཞེངས། རྩི་ཚོན། རབ་གནས་ཀྱི་བར་དུ་ངེད་རང་གིས་བཀོད་པ་ལྟར་དངོས་གཙང་ཁྱད་མཚར་ཕུལ་དུ་ཕྱིན་པ་ནི་མཆེད་ཟླ་གེ་སར་ལ་འགྲན་བཟོད་པ་མགོན་པོ་རབ་བརྟན་གྱི་ཕྱག་ཕྱི་མཛོད་པ་ལྷུན་གྲུབ་དང༌། གཉེར་པ་ལྷ་མོ་ནོར་རྒྱས་གཉིས་ཀྱིས་ཞུས་ཏེ་གྲུབ་པ་བཀོད་བདེ་ཁྱད་ལོ་ཁོངས་འདི་ཉིད་དུ་ཚང་མ་བྲིས་པ་ཞིག་ཡིན་ནོ། །རྡོ་བཟོ་བ་སྤང་ལྐོག་ཚེས་བཅུ་དང༌། བསམ་དར་བཅས་ལྔ། འུ་ལག་ངེད་རང་གི་ཆོས་གཞིས་ཚང་མའི་ཐོག་ལས་གཡོར་དུ་དྲུག་བརྒྱ། གྲོག་མཁར། དཔལ་གནས་སོགས་ནས་འུ་ལག་མང་བ་འགོ་མི་བཅས་རོགས་སུ་བཏང་བར་མཛད། ཤིང་བཟོ་བ་སྒུང་པོ་ཆེ་བས་གཙོས་ལྔ་བཅས་ལས་གྲྭ་བཙུགས། ཤིང་ཀ་གདུང་ཕལ་ཆེར་ཆེ་བ་ཁམས་ཚན་སོ་སོ་ནས་སྟེར་བར་མཛད་ཅིང༌། ཕྱིའི་བཟོ་ཧང་ལམ་ཟླ་བ་ལྔའི་ཁོངས་སུ་བསམ་པ་བཞིན་གེགས་མེད་དུ་འགྲུབ་ཅིང༌། བཟོ་བོ་རྣམས་ལ་ཕོག་བཟང་བ་དང༌། ཚང་མར་འཛུགས་སྟོན། སྒང་སྟོན། གྲོལ་སྟོན་རྒྱས་པ་དང༌། བླ་ཁག །ཁམས་ཚན། ཉེ་བ་ཁག །ཡོན་བདག་རྣམས་ཀྱིས་ངེད་རང་ལ་ལེགས་བྱས་དང༌། སོ་སོར་སྟོན་མོ་དང༌། ཚན་གྲངས་ཀྱི་སྟེར་སྦྱིན་མཛད་སོང༌། བཟོ་བོ་རྣམས་ལ་ཡོན་གོས་དར། ཇ་ཁྲབ། ཁྲོ།