[A:༡༩༦] རྟ་ཕྱུགས་སོགས་ཀྱིས་མགུ་བར་བྱས། འུ་ལག་རྣམས་ལ་ཕོག་དང་ཇ་ཆང་རྒྱུན་གཏོང༌། གྲོལ་ཉིན་བཙུག་ལག་ཁང་བཞེངས་སར་སོང་བའི་ལྷག་བསམ་གྱིས་མི་རེར་འབྲི་གཡག་གང་རིགས་བཟང་བ་རེ་གླ་ལྟ་བུར་སྟེར་ཆས་བྱས། གོང་ས་ཆེན་པོ་ཡས་ཕྱིན་དུ་མཇལ་ཁར་ཕྱིན་སྐབས་ཞ་ལུ་མཁན་རིན་པོ་ཆེར་ཚར་ལུགས་ཀྱི་ཆོས་མ་ཐོབ་པ་རྣམས་ཞུས་ན་ལེགས་པོ་འོང་ཚུལ་བསླབ་སྟོན་བཀའ་དྲིན་བསྐྱངས་ཤིང༌། མཇལ་ཁ་བདག་རྐྱེན་སོགས་ལུགས་གཉིས་ཀྱི་སྒོ་ནས་བཀའ་དྲིན་ཤིན་ཏུ་བསྐྱངས་བ་གནང༌། གནས་ཀྱི་དབང་པོར་ཚོགས་པ་རྣམས་ལ་ཆོས་ར། རབ་བྱུང་བསྙེན་རྫོགས། སྒོམ་ཁང༌། ས་སྦུག་སོགས་ལ་འགྲོ་བ་དང༌། ཆོས་ར་མཆོད་པ་སོགས་སྔར་འཁྱུད་ལྟར་བྱས། ༈ མེ་རྟ་ལོར་ཞྭ་མཁན་ཚེ་རིང་དོན་གྲུབ་བོས། ཆོས་གཞིས་རྣམས་ཀྱི་འུ་ལག་ཐོག་དགོན་ལག །སྒོམ་ཁང༌། རིན་སྡིངས། ས་སྦུག་སོགས་ཀྱི་བཙུན་མ་བརྒྱ་སྐོར་གྱི་ཚོགས་ཁང་སྟེང་ཤོད་གཤག་སྐོར་བཅས་ཀྱི་ཞ་ལ་བྱས་པར་དངོས་གཙང་བ་ཟླ་བ་གཉིས་ཙམ་གྱིས་ཁོངས་སུ་གྲུབ་པར། སོ་སོར་སྟེར་ཆ་དང༌། སྡོད་རིང་ཇ་ཆང་སྟོན་མོ་སོགས་གཟབས་པར་བྱས་ཤིང༌། མ་འགྱངས་པར་རྟེན་བཞེངས་ཀྱི་ལས་གྲྭ་བཙུགས་པར་སྤྲུལ་པའི་ལྷ་བཟོ་བ་གླང་ཐང་སྤྲུལ་སྐུ་ནོར་བུ་རྒྱལ་མཚན་དཔོན་གཡོག་གཉིས་པོས་ཏེ། སྐུ་རྒྱུ་དར་འདམ་ལས་གྲུབ་པའི་ཚོགས་ཁང་སྦུག་ཏུ་དུས་གསུམ་སངས་རྒྱས་དང༌། གནས་བརྟན་ཆེན་པོ་བཅུ་དྲུག་གི་སྐུ་བཞེངས་པས། རྟེན་གྱི་གཙོ་བོ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ། གཡས་སུ་སངས་རྒྱས་མར་མེ་མཛད། གཡོན་དུ་རྒྱལ་བ་བྱམས་པ་གསུམ་གྱི་སྐུ་བརྙན་ཁྲི་རྒྱབ་ཡོལ་བཅས་པར་ཐོག་ཚད།