[A:༡༩༧] འཕགས་པའི་གནས་བརྟན་བཅུ་དྲུག །དྷརྨཱ་ཏ་ལ། རྒྱལ་པོ་ཧ་ཤང་རྣམས་དང་བཅས་པའི་སྐུ་མི་ཚད་ཙམ་གནས་གཡོག་དང་བཅས་པ། བྲག་རི། ཧོར་བྲག །ལྗོན་ཤིང༌། ཆུ་འབབས། ཐོད་དུ་སྤྲིན་སྤུངས། གཡས་གཡོན་དུ་རྟེན་གྱི་བཞུགས་ཁང་སོགས་བཀོད་པ་ངོ་མཚར་བ་སྤྲུལ་བའི་བཟོ་བོས་ཁྱད་མཚར་དུ་སྒྲུབ་པའི་སྐུ་རྒྱུར་འཕགས་ཡུལ་རྡོ་རྗེ་གདན། བྱ་རྒོད་ཕུང་པོའི་རི་སོགས་རྒྱ་གར་ཤར་ནུབ། བལ་ཡུལ། རི་བོ་རྩེ་ལྔ། གླང་ཆེན་འགྱིང་རི། ལྷོ་ཕྱོགས་པོ་ཏ་ལ་སོགས་རྒྱ་དཀར་ནག་དང༌། བོད་ཡུལ་གྱི་གནས་ཆེན་དང༌། སྒྲུབ་གནས་ཁྱད་པར་ཅན་རྣམས་ཀྱི་ས་ཆུ། རྡོ་ཤིང༌། མེ་ཏོག །བྱེ་མ་རྣམས་ཀྱི་སྣེ་བསྡུས་དང༌། སྨན་སྣ། ལྷ་ཀླུ་མི་གསུམ་གྱི་རིན་པོ་ཆེའི་རིགས་དུ་མ། སྟོན་པ་རྫོགས་པའི་སངས་རྒྱས་ནས་བཟུང་རྒྱ་བོད་ཀྱི་མཁས་གྲུབ་རིམ་བྱོན་མང་པོ་བསམ་གྱིས་མི་ཁྱབ་པའི་བྱིན་རྟེན་གྱི་རིགས་མ་ཚང་བ་མེད་པ་བསྲེས་པའི་དར་འདམ་ལས་བཟོས་ཤིང༌། བར་མཚམས་རྣམས་སུ་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་གདུང་ཚྭ་སྦྱར་ཏེ་བྱིན་རླབས་ཀྱིས་ཕྱུར་བུར་གྱུར་པ་རྣམས་སུ་ནང་གཞུག་གཙོ་བོ་ཤཱཀྱའི་རྒྱལ་པོར་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོའི་ཕྱག་མཐེབ་གཡས་པ་འཕེལ་བ་སྐུ་ཤ་དཀར་དུང་དུ་གྱུར་པ་རིང་བསྲེལ་གྱིས་སྤྲས་པ། རྫོགས་པའི་སངས་རྒྱས་ཀྱི་འཕེལ་གདུང༌། ཁྲོ་ཕུ་ཐོག་ཐུབ་མ། མཁྱེན་རབ་རྗེའི་ཐུགས། པཎྜི་ཏ་ཤཱཀྱ་ཤྲཱིའི་གསོལ་ལྷུང༌། རྡོ་རྗེ་འཆང་བླ་ཆེན་ས་སྐྱ་པ་ཆེན་པོའི་སྐུ་འབྱར། མཁྱེན་རབ་ཆོས་ཀྱི་རྒྱལ་པོའི་སྐུ་ཆོས། གོང་མ་ཆོས་ཀྱི་སྤྱན་ལྡན་གྱི་རིང་བསྲེལ་བདུན་དང༌། ཚེམས་རིངས་བསྲེལ་མ། དབུ་ལོ་བུབས། སྐུ་ཆོས། རྗེ་དབོན་རིན་པོ་ཆེའི་སྐུ་ཤམ། ཕྱག་ཕྲེང༌།