[A:༡༩༩] ཕྱག་དཔེ་བྱིན་རླབས་ཅན་མང་བ་དང༌། བརྟག་གཉིས་སོགས་རྒྱུད་ཁ་ཤས། ཁུ་དབོན་གཉིས་ཀྱི་ཞལ་དཀར། གསོལ་ལྷུང༌། གསོལ་ཆས་དང༌། བཞུགས་གདན། གནོད་སྦྱིན་བང་མཛོད་དུ་འཁོར་ལོའི་སྒྲུབ་པ་ཚུལ་བཞིན་དུ་བྱས་པ་རྣམས་དང༌། རིན་པོ་ཆེ་དུ་མ། སྨན་དང༌། འབྲུ་སྣ་ཚོགས། ཟས་དང་གོས་དར་སོགས་གཡང་རྫས་ཀྱི་ཕྱུར་བུར་བཀང་སྟེ་ཞབས་བསྡེབས་ཤིང་མཐར་ཕྱིན་པར་བྱས་སོ། །འདི་དག་གི་སྐབས་སུ་དབུ་ཚུགས་ནས་མ་གྲུབ་པར་བགེགས་བསྐྲད་ཡང་ཡང་བྱས། སྤྲུལ་སྐུ་གཉིས་ལ་ཡོན་གསེར་དངུལ། གོས་དར། ཇ་རས། གོས་ཆ་ཚང༌། རྟ་དྲེལ། ཕྱུགས་སོགས་ཀྱིས་མགུ་བ་དང༌། ཕོ་བྲང་ཆེན་པོར་མཇལ་ཁ་ཞུ་བ་སོགས་སྔར་ལྟར་བྱས། ༈ མེ་ལུག་ལོར་གླང་ཐང་ནས་སྤྲུལ་སྐུ་བ་ནོར་བུ་རྒྱལ་མཚན་དཔོན་གཡོག་གཉིས་དང༌། ཇོག་པོ་དཔོན་བསམ་གྱིས་གཙོས་རི་མོ་བ་བཅུ་གསུམ་བོས་ཏེ་ཟླ་བ་ལྔའི་རིང་འབུར་སྐུ་རྣམས་ལ་གསེར་བཏུལ་མ་ཞོ་བདུན་ཅུ་དོན་གསུམ། གསེར་ཤོག་སྟོང་བམ་བརྒྱད། ཟངས་བཏུལ་མ་ཕོན་ཤིན་ཏུ་ཆེ་བ། ཚོན་བཏུལ་མ་རྣམས་དང་བཅས། བྲག་རིག་བཞུགས་ཁྲི་བཅས་པར་འཇིམ་བཟོ་བ་དཔོན་གཡོག་གཉིས་ཀྱིས་རུ་ཤིན་ཏུ་ང་བ་དང༌། རི་མོ་བ་རྣམས་ཀྱིས་གཡས་ཀྱི་ཀ་གླིང་ལྔའི་གཙོ་བོར་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང༌། རྗེ་བཙུན་ཆེན་པོ། ཐམས་ཅད་མཁྱེན་པ་ས་སྐྱ་པཎྜི་ཏ། ཀུན་མཁྱེན་ཆེན་པོ། དགྱེས་མཛད་རྡོ་རྗེ་རྣམས་ལ་ལམ་འབྲས་བརྒྱུད་པ་དང༌། རྣམ་པར་སྣང་མཛད། གཤེད་དམར། འཇིགས་བྱེད། འབྱུང་འདུལ། ཕྱག་རྡོར། རྡོར་སེམས། རྣམ་འཇོམས། གཡོན་ཀྱི་ཀ་གླིང་ལྔའི་གཙོ་བོར་