[A:༢༠༡]སར་གནམ་རྒྱན་ཧོར་གོས་རྒྱ་ཇ་མ་དང༌། བུམ་གདན་མ། ཀ་འཕན། ཕྱེ་འཕུར་དང་བཅས་པར་གོས་ཁྱད་འཕགས་ལས་གྲུབ་པ། མཆོད་པ་མཎྜལ། དཀར་ཆས། རྒྱ་དང་བལ་པོའི་ཏིང་དུ་མ། མཆོད་ཀོང་ཆེ་ཆུང་མཆོད་བརྒྱའི་ཀོང་བུ་དང་སྤོས་འཛིན་སྟེགས་དང་བཅས་པ། མཆོད་རོལ་གྱི་ཆས། མགོན་པོ་དང་རྣམ་སྲས་ཁང་གཉིས་ལ་སྤྱན་གཟིགས་རྒྱ་གྲི། དགྲ་སྟ། ཐོ་བ། བོད་གྲི་ལེགས་པ་སོགས་མང་བ་དང༌། སྙན་དར་སྣ་ཚོགས་བསྒྲིགས་ཏེ་མཐོང་བས་ཡིད་འགུལ་བ། ཆོས་སྦྱིན་ཁོར་ཡུག་སྤེལ་བའི་ཁྲིར་རྡོ་རྗེ་རེ་ཁཱས་བརྒྱན་པའི་གདན་མཉེས་འབོལ། ལྕོག་རྩེ་དང་བཅས་པ་ཟུང༌། འདུས་པའི་ཚོགས་གདན་དང༌། གྱང་ལོགས་སུ་དཀར་ཆག་དང་བཅས་བསྒྲུབས། དབུ་མཛད་གཉིས་ཀྱིས་གཙོས་ལྷ་བཟོ་བ་བཅོ་ལྔར་གསེར་དངུལ། གོས་དར། སྣམ་རས། ཇ། ངེད་རང་གི་ཞོན་རྟ་ལེགས་པ་སོགས་རྟ་དྲེལ། མཛོ་ཕྱུགས་སོགས་ཉིན་རེར་ཁ་རུའི་ཁལ་རེའི་རྩིས། དབུ་མཛད་གཉིས་ལ་འཕར་དང་བཅས་པ་ཕུལ་བས་ཤིན་དུ་མགུ་བར་བྱུང་སོང༌། ངེད་རང་གིས་དབུས་བླ་ཁག་རྣམས་དང་ཚོགས་ཆེན་ཐོག་ཁག་ཆེ་བ་ཁ་ཤས་ཀྱིས་ཀུན་རིག་གི་སྒོ་ནས་སྟ་གོན་བཅས་ཉིན་བཞིའི་རིང་རབ་གནས་བྱས་པར་ཞབས་ཏོག་ཕུན་སུམ་ཚོགས་པ། གྲོལ་ཉིན་མཆེད་ཟླ་ཡབ་སྲས་ལ་ཡོན་བདག་བསྒོ་ཞིང་བཀྲ་ཤིས་ཀྱིས་མངའ་གསོལ། བླ་ཁག་སོ་སོར་འབུལ་བ། དགེ་འདུན་བཅུ་རེར་ཇ་སིག་རེ་དང༌། རེ་རེར་བཀྲས་བཏགས་རེ་ཕུལ། མཆོད་ཡུལ་རྣམས་ཀྱི་དགོངས་པ་རྫོགས་པ་དང༌། ལྟོས་བཅས་ཀྱི་གཙོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཆོད་