[A:༢༠༢]འབུལ་དང་བསྔོ་སྨོན་གྱི་རྒྱས་འདེབས་སྨིན་རྒྱས་སུ་བྱས་ཤིང༌། འདི་ལྟ་བུའི་ལྷ་ཁང་བཟོ་བཀོད་ཕུན་སུམ་ཚོགས་ཤིང༌། ངེད་རང་ནས་དཀའ་ཚེགས་ཀྱིས་བསྒྲུབས་པ་འདི་ལ་གྲ་པ་ཕལ་ཆེར་ཁམས་པར་སོང་བ་དང༌། བོད་པས་ཀྱང་ཁམས་པའི་མིག་ལྟོས་ཀྱི་ཞབས་ཕྱིར་ཞུ་བ་བཅས་ཆུད་ཟོས་སོང་དོགས་ཤིན་ཏུ་ཆེ་བར་འདུག་པས་རྗེས་འཇུག་རྣམས་ཀྱིས་ཞལ་བཀོད་ཀྱིས་ཁྱབ་པ་དང༌། ཚང་མས་ཅག་ཐོན་མཛད་པར་གསོལ་བ་འདེབས་སོ། །ཨེ་མ་མཆོག་གསུམ་བསྟི་གནས་གཙུག་ལག་ཁང༌། །གསང་ཆེན་དབྱར་གྱི་རྔ་གསང་སྒྲོག་པའི་གནས། །རྨད་བྱུང་དགེ་འདུན་འདུ་བའི་ཕོ་བྲང་འདིར། །ངོ་མཚར་བཀོད་པའི་སྣང་བརྙན་ཚར་དུ་དངར། །རྒྱལ་བ་ཟས་གཙང་སྲས་ཀྱི་སྐུ་ཉིད་དང༌། །རྒྱལ་བ་མར་མེ་མཛད་དང་བྱམས་མགོན་ཏེ། །རྒྱལ་བ་རྣམ་གསུམ་གཙོ་བོར་བཞུགས་པ་ལ། །རྒྱལ་བའི་རྒྱལ་ཚབ་གནས་བརྟན་རྣམས་ཀྱིས་བསྐོར། །དྷརྨཱ་ཏ་ལ་རྒྱལ་པོ་ཧ་ཤང་དང༌། །གནས་གཡོག་གཞན་ཡང་ཆུ་བྲག་ཤིང་ལ་སོགས། །ངོ་མཚར་སྤྲུལ་པའི་བཟོ་བོས་བསྐྲུན་པའི་ཚེ། །བི་ཤཱ་ཀརྨ་བསྐྱེངས་ཏེ་སུམ་རྩེན་བྲོས། ངོས་ལོགས་ལྡེབས་བྲིས་རྩ་བརྒྱུད་བླ་མ་དང༌། །ཡི་དམ་ལྷ་ཚོགས་ཆོས་སྲུང་ནོར་ལྷར་བཅས། །གཞན་ཡང་ངོ་མཚར་བཀོད་པའི་བྱེ་བྲག་གིས། །བརྒྱན་པ་དད་སྟོབས་བརྩོན་པའི་མཐུ་ཡིས་གྲུབ། །དེ་ལྟར་མཆོག་གསུམ་འདུས་པའི་གཞལ་མེད་ཁང༌། །རྟེན་དང་བརྟེན་པར་བཅས་པའི་ཚོགས་རྣམས་ལ། །འོག་མིན་ཞིང་ནས་ཡེ་ཤེས་སེམས་དཔའ་རྣམས། །མངོན་སུམ་སྤྱན་དྲངས་གཉིས་མེད་ཚུལ་གྱིས་ཐིམ། །ཨ་ཧོ་ཁ་བའི་རི་ན་རྒྱལ་བ་དང༌། །དེ་སྲས་རྒྱ་མཚོར་བཅས་པ་མངོན་སུམ་དུ། །