[A:༢༠༣]བཞུགས་པའི་ལེགས་བྱས་འོད་སྟོང་ལྡན་པ་འདིས། །འགྲོ་ཀུན་བསོད་ནམས་པད་དཀར་འཛུམ་མམ་སྙམ། །འདི་ལོ་སོག་ཡུལ་ནས་ད་རྒན་ཆོས་རྗེ་ཚོ་ཆེན་བླ་མ་བསོད་ནམས་བསྟན་འཛིན་འབུལ་སྐྱེལ་དུ་བརྫངས་པར། །གསེར་དངུལ་གཡང་ཏྲི་དང༌། མ་ན་ཧོའི་སྤྱད་པ། རྒྱ་སྦུབས། གོས་དར། ཇ། གསེར་སྒ། རྟ་སོགས་ཀྱི་འབུལ་སྐྱེལ་དཔངས་མཐོ་བར་བྱུང༌། ཚེ་རིང་སྦེལ་སེས་རོལ་མོ། །གསེར་སྒ། གོས་དར་གྱི་ཀོ་གྲྭ་སོགས་བསྐུར་མ་མང་བར་འདུག་པ་སྤྲད་ཅིང༌། སྔར་རྒྱུན་ལྟར་བླ་མ་དགོས་པའི་ཡི་གེ་འབྱོར། འབུལ་དཔོན་བླ་མ་ཀུན་དགའ་འོད་ཟེར་གྱི་ཡོན་བདག་བརྒྱུད་པར་སོང་བཤིས་སྦྱོང་དབང་གིས་དངུལ་དང༌། གོས་དར། མུ་ཐིག་གི་བསྐུར་མ་འབྱོར། བྱམས་གླིང་ཨེམ་ཕྱི་སོགས་སོག་འགྲུལ་པ་ཁ་ཤས་ཀྱིས་མང་སྐོལ་དང་འབུལ་བ་བྱས་ཤིང༌། ཆོས་འབྲེལ་སོགས་ལུགས་གཉིས་ཀྱི་བདག་རྐྱེན་སྤྲད་དེ་འཕྲལ་སློག་བྱས། རྩེ་གདོང་ནས་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་གོང་ས་ཡས་ཕྱིན་གྱི་མཇལ་ཁ་དང་བསྟུན་ནཱ་ལེནྡྲར་ཆིབས་ཁ་བསྒྱུར་བར་ཆིབས་བསུ་སེར་ཕྲེང་སོགས་ཞུས། བཅོ་བརྒྱད་ཀྱིས་གཙོས་སོ་སོ་ནས་གདན་འདྲེན་དང་འབུལ་བ་ཅི་ནུས་ཞུས། རྒྱང་ཙམ་ཚང་མར་འདོད་སྦྱར་གྱི་བཀའ་ཆོས་གནང༌། དེ་སྐབས་གཞིས་ཀྱི་ཁྱིམ་འཛིན་མ་དུས་ཆེན་གྱི་མཆོད་པ་མཇལ་བར་བྱོན། བསྙུན་པའི་སྟབས་རིན་སྡིངས་སུ་བཞུགས་པར་ངེད་རང་ནས་ཚེ་དབང༌། ཁྲུས། རྗེས་གནང་སོགས་ལ་ཡང་ཡང་ཕྱིན་ཞིང༌། ཕ་བོང་ཁ་ནས་མཁས་ཤིང་གྲུབ་པའི་དབང་ཕྱུག་སྒྲུབ་ཆེན་རིན་པོ་ཆེ་ཡང་ཕེབ་སྟེ་གདན་ཆགས། དྲུང་འཚོ་ནོར་རྒྱས་པ་དང༌། སྟག་རྩེའི་བླ་སྨན་སོགས་བོས་