R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༠༤
[A:༢༠༤]ནས་སྨན་དཔྱད། རིམ་གྲོར་ཆོས་སྒྲོགས་མང་བ་དང༌། ཆོ་ག་སྟོང་རྩ། ཆོས་སྐྱོང་རྣམས་ལ་བསྐང་བ་བརྒྱ་རྩ། སྔགས་པས་མདོས་རིགས་སོགས་མང་བ་ཞིག་མཆེད་ཟླས་བསྒྲུབས་སོང་ཀྱང༌། བར་ཆད་ཀྱི་དབང་གིས་གྲོངས་དུས་ལུས་ཀྱི་དྲོད་གྱེན་དུ་བསྡུ་བ་སོགས་བྱུང་སོང་ཞིང༌། ཞབས་དྲུང་རིན་པོ་ཆེར་སྐྱབས་འཇུག་ཞུས། ངེད་རང་དང༌། སྐྱེད་ཚལ་མཁན་རིན་པོ་ཆེ། གཟིམས་འོག་སློབ་དཔོན་པ་དང་བཅས་པ་བཙན་ཐབས་འོང་བའི་གདམས་པ་བསྟན་པའི་ཚེ་བདེ་ལྡན་དུ་འགྲོ་བའི་རྟགས་སུ་གདོང་ཟིལ་པ་ཁྲོམ་མེ་བ་སྤྱི་གཙུག་ནས་རླངས་པ་དང་བཅས་ཏེ། སྟོད་སྤྲུགས་པ་སོགས་རྟགས་ཁྱད་པར་ཅན་བྱུང༌། ཕྱི་ཉིན་གོང་ས་ཆེན་པོར་སྐྱབས་འཇུག་གི་མགྱོགས་བསྔོ་ཞུ་མི་བརྫངས། དགུང་ཞག་པ་བཅོ་བརྒྱད་ཙམ་གྱིས་ཀུན་རིག་སྒྲུབ་མཆོད་དང༌། མདོ་བརྒྱ་བསྒྲུབས། ཞག་གསུམ་གྱི་ཐོག་ཞབས་དྲུང་རིན་པོ་ཆེ་ཚོགས་ཆེན་དུ་སྤྱན་དྲངས། ཆོ་ག་དང་བྱང་ཞུས་རྒྱས་པར་གནང༌། གསེར་ཡང་གིས་གཙོས་རྟ་སོགས་ཀྱི་འབུལ་བ། བླ་ཁག་སོ་སོར་རྣམ་གཞག །དགེ་འདུན་རྣམས་ཡོན་གྱིས་གཉེས་པར་མཆེད་ཀྱིས་བསྒྲུབས། ངེད་རང་ནས་ཀྱང་བྱང་བུ་དང་བསྔོ་སྨོན་གྱི་རྒྱས་འདེབས་བྱས། གོང་ས་ཆེན་པོར་བསྔོ་ཞུས་ལ་དཔྲལ་ཚར་གྱིས་གཙོས་འབུལ་དཔངས་མཐོ་བ་དང་བཅས་ཁོང་རང་བྱོན། ས་དབང་ཆེན་པོའི་མཇལ་ཁ་ཡང་ཞུས་འདུག །བདུན་ཚིགས་རེ་རེར་དགོན་ཆེ་ཆུང་རྣམས་བསྡུས་ནས་ཆོ་ག་དང༌། ས་སྐྱར་སྤོས་ཤེལ། ཀོང་རྣ། གོས་གཟན། དར་རས། ཇ་སོགས་འབུལ་དཔངས་མཐོ་ཙམ་དང་བཅས་བྱང་ཞུས་དང༌། ལྷ་ཁང་ཆེན་མོར་མང་ཇ། འབྲི་སྟག་སོ་སོར་བྱང་ཞུས། དངོས་གཞིར་ངེད་