[A:༢༠༦]ཞུས་པར། ཞག་ཤས་ནས་ཞུ་མི་དོ་ཆོད་ཅིག་བཏང་བས་འོང་འདུག་གནང་བའི་བསླབ་སྟོན་བཞིན་མཛོད་པ་ལྷུན་གྲུབ་དང༌། མགྲོན་གཉེར་རིན་ཆེན་གཉིས་བརྫང་བདའ་ཞུས་པས་ཞག་ཉི་ཤུ་སྐོར་ནས་དགོན་མཆོད་གཞིས་འོང་འབབས་སྟོང་ཕྲག་གཅིག་དང་བཅས་རྩིས་སྤྲོད་པ་ཀོ་འཇའ་དང་བཅས་པ་བཀའ་དྲིན་བསྐྱངས། ངེད་རང་མཇལ་ཁར་ཕྱིན་ཏེ་མེ་ཤེལ་ཤིན་ཏུ་ཆེ་བ་ཞིག་གིས་གཙོས་འབུལ་དཔངས་ཆེ་ཙམ་ཕུལ། བཀའ་ཤོག་གཏན་ཚིགས་ཀྱང་བརྩེ་བས་བསྐྱངས། བསྟི་གནས་སུ་འབྱོར་ནས་ཀུན་རིག་སྒྲུབ་མཆོད། བཀའ་འགྱུར་སོགས་ཆོས་སྒྲོག །ཆོས་སྐྱོང་སོ་སོའི་བསྐང་བ། གཏོར་ཆེན་བརྫོང་བ། གཏོར་གཞི་སྤོ་བ། དུས་མཆོད་ཀྱི་རིམ་པ་ལོ་མཇུག་གི་རིམ་གྲོ་རྣམས་བསྒྲུབས། ༈ ས་བྱ་ལོར་ཚོགས་ཆེན་དུ་དབང་རྡོ་རྗེ་ཕྲེང་བ། གྲུབ་ཆེན་བརྒྱད་ཅུ། བཀའ་གདམས་ལྷ་བཞི། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་དང༌། བཀའ་གདམས་གླེགས་བམ། རྒྱལ་སྲས་བཀའ་འབུམ་སོགས་དབང་ལུང་མང་བ་ཞིག་བྱས། སྒོམ་ཁང་དུ་དམར་ཁྲིད་དང་ཚེ་ཁྲིད་ཀྱི་རིང་ཞིག་གསོས་ཀྱང་བྱས། གཟིམས་ཁང་འོག་ཏུ་ཚོགས་ཁང་གྲུལ་བཏུབ་ཅིག་མེད་གཤིས་ཚ་བ་བླ་མ་བཀྲ་ཤིས་སྐྱབས་ལ་འཕྲོས་བྱས་པར། དེ་ཁ་བྱས་ཆོག་གསུང་བྱུང་བ་བཞིན་ཨ་མདོའི་ཕྱོགས་སུ་འབྱོན་པར་ཐག་བཅད་དེ། ཆོས་རྗེ་སོགས་བླ་ཁག་ཡོན་བདག་དང་བཅས་པར་འདི་ཁའི་ཡི་གེ་བཅས་རོགས་དང་དགོས་ཆས་གཟིམས་ཁང་འོག་རང་ནས་བསྒྲིགས་ཏེ་བྱོན་པར། ཆོས་རྗེས་བདག་རྐྱེན་གཞན་དང་མི་འདྲ་བ་བཅས་ཤིན་ཏུ་ལེགས་པ་བྱུང་འདུག་པ་ལོ་ཤས་ནས་འཁོར། ཞིག་གསོས་བྱེད་པའི་བཀོད་པ་བྱས་དོན་བཞིན་འབུལ་དཔོན་