R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༡༣
[A:༤༡༣]འགེངས་པ་ཙམ་བྱས། ཟླ་བ་ཕྱི་མར་གོང་ས་ཆེན་པོ་ཡས་ཕྱིན་གྱི་མཇལ་ཁར་བསླབ་སྟོན་ལྟར་ངེད་ནས་བཅར་ཞིང༌། བླ་བྲང་ཉིད་ཀྱི་ལུགས་ཟུང་གི་གནང་ཁྱབ་ཁོར་ཡུག་ཏུ་བཀའ་དྲིན་བསྐྱངས། ཆུ་རྟ་ལོ་གསར་ཚེས་ཀྱི་ལོ་གསར་རྒྱས་པར་བཀའ་དྲིན་བསྐྱངས་ཤིང༌། དེ་ནུབ་ནས་བཟུང་བདུན་ཕྲག་གཉིས་ཀྱི་རིང་སྐུ་ཚེའི་ཚེ་སྒྲུབ་ཡང་དག་བཀའ་དྲིན་བསྐྱངས་རིང་སྲིད་གསུམ་དབང་ཕྱུག་མའི་མཆོད་པ་སོགས་བསླབ་སྟོན་ལྟར་ངེད་གྲྭ་པ་རྣམས་ཀྱིས་ལོ་བསྟར་བཞིན་གང་རྒྱས་ཞུས། སྐུའི་གཅད་རྒྱ་གྲོལ་ནས་གྲངས་མེད་མཁའ་འགྲོའི་གཙོ་མོ་རིན་ཆེན་མཚོ་མོའི་བསྟི་གནས་ས་ཕུག་གི་གྲྭ་རིགས་རྣམས་ཀྱིས་ཕེབ་དགོས་པའི་བསླབ་སྟོན་ཨུ་ཚུགས་སུ་ཞུས་སོང་བ་ནས། སྒེར་ལྟོས་ཀྱི་གདུལ་བྱ་ཕྱི་མ་རྣམས་ཀྱི་དོན་དང༌། ལོ་ཕྱི་མ་དགོན་གནས་དེ་ཉིད་ཀྱི་བླ་བྲང་གི་ཞིག་གསོས་དགོངས་བཞེད་ཐུན་མོང་མ་ཡིན་པར་གཏད་པའི་ལྗགས་བཀོད་སོགས་དགོས་པ་ཁྱད་པར་ཅན་འགའ་མཆིས་པའི་སྟབས་ཞལ་བཞེས་བཀའ་དྲིན་བསྐྱངས་ཏེ། ཆིབས་ཁ་བསྒྱུར་བས་ཞབས་འབྲིང་དུ་ངེད་ཀྱིས་ཕྱིན་པར་བསང༌། དར་འཕྱར་སོགས་ཕེབ་བསུའི་བཀོད་པ་ཟབ་རྒྱས་སུ་ཞུས་སོང་བ་ལྟར། བླ་བྲང་ཉིད་དུ་ཕེབ་འཕྲལ་གསོལ་ཇ་སོགས་གཞིས་ལེན་ཟབ་རྒྱས་ཐོག །བཞུགས་རིང་གི་གསོལ་ཆས་སྤོམ་འབུལ་ཞུས། ཞག་བཅུ་གཅིག་ཙམ་བཞུགས་གདན་འཇགས་རིང་བསླབ་སྟོན་ལྟར་དགྱེས་མཛད་རྡོ་རྗེའི་སྨིན་བྱེད་དབང་གི་རིམ་པ་རས་བྲིས་ལ་བརྟེན་པ་ཞིག་གྲངས་གཅད་བཤོར་དབང་གི་ཚུལ་དུ་ངེད་ནས་བྱས། བཞུགས་གདན་འཇགས་རིང་བཙུན་མ་རྣམས་ཀྱིས་དཀར་གྲོ། གསོལ་ཇ། བཞེས་ཐུག །སྒེར་མཇལ་སོགས་རྒྱུན་མར་ཟབ་རྒྱས་སུ་ཞུས་ཤིང༌། འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཆོ་ག་གསར་