[A:༤༡༤]འཛུགས་སྔ་སོར་བཀའ་དྲིན་བསྐྱངས་ནས་ལོ་གཅིག་གཉིས་ཙམ་སོང་བ། འདི་ལོ་དཀར་པོ་ཕྱོགས་བརྒྱད་སོགས་སྒོམ་ཁང་པ་རང་གི་ཕྱག་ལེན་ཇི་ལྟ་བ་བཞིན་འཛུགས་བཞེད་ལ་ལག་ལེན་སློབ་མིར། དགོན་ཁང་དབུ་མཛད་མ་གཞོན་པ་ཕྲིན་ལས་དབང་མོ་འོངས་པར། སྒེར་དུ་གསོལ་རས་སོགས་ཡང་དག་བཀའ་དྲིན་བསྐྱངས་སོང༌། ས་ཕུག་པ་རྣམས་ཀྱི་དབུ་མཛད་གྲུབ་རྒྱལ་བ་ཕྲིན་ལས་དབང་མོས་བྱེད་མུས་སུ་ཡོད་ཀྱང༌། ཁོང་པ་ལོ་རྒན་པས་སྤྱན་རས་གཟིགས་ཀྱི་ཆོ་ག་མ་ཟིན་པར་བརྟེན། ཆོ་ག་སོགས་ཀྱི་དབུ་མཛད་ཆུང་བ་མཁར་གདོང་ཕྲིན་ལས་བཟང་མོ་བསྒོ་བཞག་བཀའ་དྲིན་བསྐྱངས། དེར་འདུས་ཀླུ་ཁ་སྟོད་སོགས་རྒྱལ་ནང་དང༌། སྒྲུབ་ཕུ། དཔེ་ནང༌། རག་མ། རྒྱ་གྲོང༌། སྡེང་མཁར། བྲག་དབར་ཞོལ་སོགས་ཕྱོགས་འདུས་དང༌། མཁར་གདོང་གྲུབ་རྒྱལ་སོགས་ཉེ་སྐོར་གྱི་ཡོན་བདག་ཕོ་མོ། རྒྱལ་སྨད་པ། རི་སྡེ་བ། རྣ་མོ་དགོན་སོགས་གྲྭ་རིགས་ཆེས་ཤིན་ཏུ་མང་བ་བཅས་མི་ཚོགས་ཆེ་བ་བསམ་པའི་ར་བ་ལས་འདས་པ་ལྟ་བུས་ཉིན་བསྟར་ཤ །མར། ཇ། དར། རས། སྣམ་བུ། འབྲུ་ཆ་སོགས་འབུལ་དཔངས་མཐོ་བ་དང་བཅས་མཇལ་མི་ཁོར་ཡུག་ཏུ་བྱུང་བ་རྣམས་ལ་ཞལ་མཇལ། ཕྱག་དབང༌། སྤྱོད་ཁྲིད་སོགས་སེམས་ཕྱོགས་དང་འབྲེལ་བའི་ཁྲིད་ཀྱི་རིགས་མང་བ། རྗེས་གནང་གི་རིགས། བྱང་བུ། ལྗགས་བསྔོ། གསུང་ཆོས་ཀྱི་འབྲེལ་པ། ཕྱག་མདུད། བྱིན་རྟེན། གནང་སྐྱོང་སོགས་སྔར་མ་གྲགས་པ་ལྟ་བུར་བཀའ་དྲིན་བསྐྱངས། ཟླ་བ་ཕྱི་མའི་ཡར་ངོའི་གཟའ་ཚེས་དགེ་བར་མཁའ་འགྲོ་མ་འགྲོ་བ་བཟང་མོའི་ལུགས་ཀྱི་ཞབས་བརྟན་གསོལ་འདེབས་དང་བཅས་པ་གང་རྒྱས་ཐོག །འབྲུ་ཆ་གཙོ་བོར་གྱུར་པའི་མཁོ་རྒུའི་འབྱོར་པ་རྒྱ་ཆེ་ཞིང་དཔངས་