R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༡༢
[A:༤༡༢] རྒྱུན་གྱི་དབང་པོར་ཆིབས་ཀྱི་ཁ་ལོ་བསྐྱོད་པར། དར་འཕྱར། དུང་འབུད། བསང་སོགས་ཟབ་རྒྱས་སུ་ཞུས་ཏེ། མཁས་ཤིང་གྲུབ་པ་ཀུན་གྱི་གཙུག་རྒྱན་མཁྱེན་རབ་ཆོས་ཀྱི་རྒྱལ་པོ་རིམ་བྱོན་རྣམས་ཀྱི་བླ་བྲང་གི་ལྟེ་བ་བཅོ་བརྒྱད་ལྕང་ལོ་ཅན་དུ་ཕེབ་འཕྲལ། ངེད་གཞིས་སྡོད་རྣམས་ཀྱིས་འབྱོར་པ་དང་བསྟུན་པའི་གཞིས་ལེན་གཟབས་རྒྱས་ཞུས། ཕྱི་ཉིན་ནས་བཟུང་ཁམས་བྱང་ནས་བྱོན་པའི་འགྲུལ་པ་རྣམས་ལ་གཞིས་ལེན། མཇལ་ཁ། ཕྱག་དབང༌། བཀའ་ཆོས་སོགས་ཀྱིས་དུས་འདའ་བར་ཟླ་བ་གཉིས་ཙམ་གྱི་རིང་ཁོར་ཡུག་ཏུ་བཀའ་དྲིན་བསྐྱངས་ཤིང༌། ཞོལ་ཁང་དང༌། སྲང་སྦུག་སོགས་ཀྱི་ཚོང་དཔོན་རྣམས་ཚུར་འཁོར་དང༌། ཕར་འབྱོན་ལ་གོ་བབས་དང་བསྟུན་པའི་གནང་སྐྱེས། བྱིན་རྟེན། བསླབ་སྟོན་སོགས་ཡང་དག་བཀའ་དྲིན་བསྐྱངས། ཚུར་ཡང་ཇ། གསེར་དངུལ་སོགས་ཀྱི་དབུལ་བྱ་གང་རྒྱས་སུ་འབུལ་བར་མཛད། དགུན་ཚ་བ་ནས་འབུལ་སྡུད་དཔོན་སློབ་སྟོབས་ཆེ་བ་འབྱོར་ཞིང་རྩིས་འབུལ་དུས། རྟ་དྲེའུ་ཁ་ཤས། ཇ། ཟངས་སོགས་ཤིན་ཏུ་རྒྱས་པར་ཕུལ་ཞིང༌། འཕྲུལ་བསྡེབས་སུ་དགེ་ལེགས་དགོས་མེད་དུ་འདུག་པ་འབུལ་དཔོན་བླ་མ་བསྟན་འཛིན་གྲགས་པའི་ཞུ་ཡིག་དང་དངོས་པོ་རྒྱ་ཆེར་བར་ཕུལ། འགྲུལ་པ་རྣམས་ལ་གཞིས་ལེན་ཟབ་རྒྱས་ཐོག །ཕྱག་མདུད། དམ་རྫས་ཕོན་ཆེ་བ། རུང་མཐུན་གྱི་གོས་ཆ་ཚང་དཔངས་མཐོ་བ་དང༌། དགེ་ལེགས་སོགས་འགྲུལ་བསྡེབས་རྣམས་ལའང་གང་ལ་གང་འཚམས་ཀྱི་གནང་ཆ་ཟབ་རྒྱས་སུ་བཀའ་དྲིན་བསྐྱངས། ཧོར་ཟླ་བཅུ་གཅིག་པར་བདེ་མཚམས་ལྟ་བུར་སྐུའི་གཅད་རྒྱ་ཞིག་བཀའ་དྲིན་བསྐྱངས་ཤིང༌། དུས་ཆེན་ཁག་རྣམས་ལའང་བསླབ་སྟོན་ལྟར་ངེད་ནས་ས་སྟེང་