R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༡༥
[A:༤༡༥]མཐོ་བ་གྲྭ་རིགས་ཚང་མས་རང་ལ་གང་ཡོད་ལྟ་བུའི་ཚུལ་དུ་འབུལ་བར་མཛད། ཕྱི་ཉིན་གཞིས་ལེན་གྱི་སྟོན་མོའི་ཐོག །བཙུན་མ་རྣམས་ལ་ཕྱག་མདུད། བྱིན་རྟེན། གནང་ཆས་སོགས་ཟབ་རྒྱས་དང༌། ད་ལམ་བྱེས་རེས་འདི་སྐོར་གྱི་འབྲུ་ཆ་རྣམས་དོ་གཞག་ཟླ་བ་གཉིས་པའི་ནང་དུ་བླ་བྲང་འདི་ལ་ཞིག་གསོས་ཤིག་བྱེད་དགོས་འདུག་པས་ཐེབས་མོར་འཇོག་རྒྱུ་ཡིན་པར་བཙུན་མ་རྣམས་ཀྱིས་ཚེ་འདི་ཕྱིར་སེམས་པའི་ལས་ཁ་ཧུར་སྐྱེད་བྱེད་དགོས་ཚུལ་དང༌། ལྷག་ཏུ་ཆོས་དང་གང་མཐུན་དགོན་པའི་སྒྲིག་ལམ་ལ་བསམ་པ་གང་ཆེ་རྒན་འོག་གཞོན་འདུས་དགོས་པ་སོགས་ལུགས་གཉིས་དང་འབྲེལ་བའི་བསླབ་སྟོན་དཔྱིས་ཕྱིན་པར་བཀའ་དྲིན་བསྐྱངས། ཕྱི་ཉིན་ཆིབས་ཁ་བསྐྱོད་རྩིས་ལ་གཞི་བདག་གི་འཕྲེང་གི་རྣམ་པས་ཁ་བ་ཤིན་ཏུ་ཆེ་བ་ཞིག་བབས་ཤིང༌། གྲྭ་རིགས་རྣམས་ཀྱིས་ཀྱང་བཞུགས་དགོས་པའི་བསླབ་སྟོན་ནན་བསྐྱེད་ཞུས་སོང་བ་ལྟར་བཞུགས་གདན་འཇགས། འདི་སྐབས་མནལ་ལམ་གྱི་ཚུལ་དུ་གཞི་བདག་རྒྱལ་པོ་དེའི་གནས་ཡུལ་ས་ཚིགས་སོགས་ཤིན་ཏུ་གསལ་བ་ཞིག་བྱུང་བའི་རྒྱུ་མཚན་ངེད་ལ་ཞིབ་ཏུ་བཀའ་དྲིན་བསྐྱངས་བྱུང༌། ཕྱིས་གཞི་བདག་འདི་སྔར་དང་མི་འདྲ་བའི་ཕྲིན་ལས་མྱུར་ཞིང་གདུག་རྩུབ་ཆེ་བ་ཞིག་འདུག་པས་རྒྱ་མཁར་ཞིག་གསར་རྒྱག་སོགས་སྔོན་མེད་གསར་འཛུགས་འགའ་རེ་བྱེད་དགོས་བྱུང་བ། འབྱུང་འགྱུར་གྱི་ལུང་བསྟན་དུ་འདུག །ཕྱི་ཉིན་ཆིབས་ཁ་བསྐྱོད་གོང་དུ་སྐུའི་ཉེར་སྤྱད་ཆག་པ་སོགས་ངན་ལྟས་འགའ་བྱུང་སོང་བ། དགོན་གནས་འདིར་སྐུ་ཚེ་འདིར་ཕེབ་པའི་ཐ་མར་གྱུར་པའི་ལྟས་སུ་འདུག །ཆིབས་ཁ་བསྐྱོད་སྐབས། ལ་བརྒལ་མཚམས་ཀྱི་གཤོང་དེར་